བྲག་སྒམ་ནང་གི་རྡོ་བའི་ནགས་ཚལ་དང་རྡོ་བའི་སྨྲ་བརྗོད།

དབྱར་ཟླ་ར་བའི་ཞོགས་ཟེར་གཉོམ་པོ་རྒྱུན་ལྡན་ངང་འཛིན་མ་ཡངས་པོའི་གཞི་ལ་འཕྲོས་ནས་ཉིན་གཅིག་གི་སྟ་གོན་མགོ་བརྩམས་པའི་བརྡ་སྦྲན་བྱུང་ནའང་། ངེད་ཅག་མཛེས་པའི་བོད་ཡུལ་འགྲིམ་པའི་བཅར་འདྲི་ཚོགས་པས་རྒྱུན་ལྡན་མ་ཡིན་ལ་གསར་འགྱུར་ལེགས་པོ་ཞིག་ལག་ཏུ་ཨེ་ཡོང་གི་ཧམ་སེམས་བཅངས་ནས། བཅར་འདྲིའི་རྟ་ཟམ་རྗེས་མ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་མཁར་གྱི་ཕྱོགས་སུ་རྟ་ཕོ་སྲབ་མེད་བཞིན་བང་གིས་རྒྱུག་ལ་བྲེལ། ཀླུ་ཆུའི་ཁོད་ཡངས་པའི་རྩྭ་ཐང་གི་བྲང་གཞུང་ལ་མིག་གཡེང་བྱེད་ཞོར་རིང་ཙམ་ལོན་རྗེས། གཞི་ནས་ལུང་ཁོག་དོག་མོ་ཞིག་གི་ནང་དུ་ཐོན་བྱུང་། ས་བབ་ལ་བལྟས་ནའང་དེ་ནི་དམའ་བ་རོང་གི་ས་ཁུལ་ཞིག་ཏུ་སླེབས་ལ་ཉེ་བའི་རྟགས་དང་མཚན་མ་ཡིན་པ་ཤེས་ཐུབ།ལུང་ཁོག་གི་དཀྱིལ་ན་ཆེ་རུ་རྒྱས་པའི་ཆུ་བོ་ཞིག་གིས་ངལ་མེད་ངང་ལྷང་ལྷུང་གི་སྒྲ་འབྱིན་ཞོར་དུ། ཕྱིར་མིག་ཙམ་ཡང་མི་བལྟ་བར་མདུན་ནས་མདུན་ལ་དྲག་ཏུ་ཤར་རྒྱུག་བྱེད་ཀྱིན་པའི་བཟོ་ལྟ་འདིས། ངེད་ཅག་གི་རླངས་འཁོར་དང་རྒྱུག་འགྲན་བྱེད་འདོད་ཀྱི་བསམ་པ་སྟོན་གྱིན་པར་མ་ཟད། དུས་ཚོད་ནི་དྲག་ཏུ་ཤར་རྒྱུག་བྱེད་ཀྱིན་པའི་ཆུ་བོ་ཁོ་རང་ནང་བཞིན་ཕྱིར་འོང་མེད་པ་ཞིག་ཡིན་ཚུལ་གྱི་ཆོས་ཉིད་དེའི་མཐིལ་བརྟོལ་ཡོད་པ་དང་དབྱེར་མ་མཆིས། གཞུང་ལམ་དོག་མོ་དེའི་ལུང་ཁོག་གཡས་གཡོན་གཉིས་སུ་གཡུ་ལོ་ཐགས་སུ་བཀྲ་བའི་མ་བཅོས་རང་བྱུང་གི་གདོད་མའི་ནགས་ཚལ་ཆེན་པོ་ཞིག་ལྷེམ་མེར་འཁོད་འདུག་ཅིང་། ལན་རེར་གསོམ་སྡོང་གི་དྲི་ངད་དང་ལྷ་ཤིང་ཤུག་པའི་དྲི་མ་ཞིམ་པོ་ཞིག་རླངས་འཁོར་གྱི་དྲ་མིག་བརྒྱུད་ནས་སྣ་ལམ་དུ་ཝལ་ཝལ་འཐུལ་ཡོང་། དེ་མིན་ད་དུང་སྟག་མ་དང་གཡེར་བ་སོགས་མིང་མི་ཐོགས་པའི་ཤིང་སྣ་དུ་མ་མིག་ལ་སྣང་བར་བྱེད། ངས་ལྷ་ཤིང་ཤུག་པ་ཡོད་ན། འཇོལ་མོ་དང་ལྷ་བྱ་ཁུ་བྱུག་སྔོན་མོ་ཡོད་ཁོ་ཐག་ཡིན་པའི་གཏན་ཚིགས་དེར་ཡིད་ཆེས་བྱས་ནས། བྱ་བརྒྱ་ཨེ་མཐོང་གི་མིག་ཟུང་རིག་རིག་བྱས་ཀྱང་། མཐོང་ལམ་དུ་མངོན་པའི་སྐལ་བ་མ་ཤར། གཅིག་ཏུ་ན་ང་ཚོ་ལམ་ལ་ཆས་པ་སྔ་དྲགས་པས། བྱ་ཚོགས་ད་དུང་རང་སོ་སོའི་ཚང་མལ་ན་བདེ་མོའི་མལ་དུ་གཟིམས་ཡོད་ཀྱང་སྲིད། དེ་ལྟར་ཧ་ལམ་དུས་ཚོད་གསུམ་ཙམ་གྱི་ལམ་ཐག་རིང་མོ་བརྒལ་རྗེས། འགག་འཕྲང་དོག་མོ་དེའི་མདོ་རུ་སླེབས་བྱུང་། ལུང་མདོར་ཐོན་པ་ན་ཐེ་བོ་རྫོང་མཁར་དང་ཐག་ཉེ་བོ་ཡོད་པ་ཤེས་ཐུབ། སླེབས་མ་ཐག་ཏུ། ངེད་ཅག་དེ་གའི་དྲིལ་སྒྲོག་པུའུ་ཡི་མཚམས་སྦྱོར་ལྟར་བཅར་འདྲི་དངོས་ལ་ཞུགས་པ་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། ཐེ་བོ་རྫོང་གི་མངའ་ཁོངས་སུ་བྲག་སྒམ་ནང་ཞེས་མ་བཅོས་གདོད་མ་ཡི་རྡོ་བ་ལས་གྲུབ་པའི་ནགས་ཚལ་ཞིག་རང་བྱུང་གིས་གྲུབ་ཡོད་ཅིང་། དེའི་སྙན་པའི་གྲགས་པ་ཀན་ལྷོ་ཁུལ་ཙམ་མ་ཟད། འཛམ་གླིང་གི་ཡུལ་གྲུ་ཁག་ལ་བ་དན་བཞིན་ལྷབ་ལྷུབ་གཡོ་བར་བཤད་པ་ཐོས་པའི་མོད་ལ། ངེད་ཅག་གིས་རླངས་འཁོར་གྱི་བང་ཁ་ཐད་སོར་དེ་གར་བསྒྱུར།

180ba4f1fdf996326f8db975ad25f57a.jpg

ལུང་མདོ་ནས་ཤར་ཕྱོགས་སར་སྤྱི་ལེ་གསུམ་ཙམ་སོང་བ་ན། གཞི་ནས་བྲག་རི་མཐོན་པོ་ཚར་དུ་དངར་ཞིང་། དཔུང་གདང་ཤིག་ཤིག་གི་ཕུ་ནུ་དང་འདྲ་བར་བྲག་རིའི་མུ་ཁྱུད་ཟླུམ་པོ་ཞིག་མིག་ལམ་དུ་ངང་ངམ་ཤུགས་ཀྱིས་ཐོགས་པར་བྱེད། བྲག་གཟར་ལེབ་མོ་གཉིས་ཀྱི་བར་ན་ངེད་ཅག་བགྲོད་སའི་གཞུང་ལམ་སྐྱ་ཤ་ལེར་མུ་ནས་མུར་འཐེན་ཚུལ་ནི། ཁབ་མིག་དོག་མོ་ཞིག་ལ་རྒྱ་ཁབ་དྲངས་རྗེས་ཀྱི་རྣམ་པ་དང་ཆ་ཧ་ཅང་འདྲ་བར་མ་ཟད། བྲག་གཟར་ལེབ་མོ་དེ་གཉིས་ནི་སྒོ་མོ་འབྱེད་བྱེད་ཀྱི་སྒོ་ལེབ་གཉིས་དང་འདྲ་བ་དེས་ངེད་ཅག་བྲག་སྒམ་གྱི་སྒོ་མོའི་ནང་འཛུལ་བ་མངོན་པར་མཚོན། འགྲེལ་བརྗོད་པས་བཤད་པ་ལྟར་ན། གསར་ཡག་ཉམས་ཅན་ཞིག་གི་གདོང་བ་བཞིན་གཟར་ཞིང་གཟེངས་མཐོ་བའི་བྲག་ལེབ་དེ་གཉིས་ནི་བྲག་སྒམ་ནང་གི་སྒོ་མོ་ཡིན་ཞིང་། མིང་ལའང་བྲག་རྒྱ་སྒོ་ཞེས་འབོད་ཀྱིན་ཡོད་ཟེར། སྐེ་རགས་ཀྱི་མདུད་པ་བཤིག་ནས་རིང་པོ་མ་འགོར་བར་རང་སར་བཞག་ཡོད་པ་དང་འདྲ་བའི་བྲག་ལམ་ཀྱག་ཀྱོག་དེ་འདེད་ཞོར་དམིགས་སར་ཆས་པ་ན། ལམ་གྱི་གཡས་གཡོན་གཉིས་སུ་ནགས་ཚལ་སྔོ་ལྡེམ་ལྡེམ་དུ་སྣང་ཞིང་། ལམ་དཀྱིལ་དུ་ཆུ་ཕྲན་རིང་མོ་ཞིག་གིས་ཀུ་ཅོ་བར་མེད་དུ་སྒྲོག་ཚུལ་ལ་དཔག་ན། ལུང་པ་འདིའི་ཕུ་ཐག་ཅུང་རིང་བར་མ་ཟད། གྱེན་ལམ་གཟར་མོ་ཡིན་པ་ཤེས་ཐུབ།

89dcbb1b81fc16122d6f77dab18db882.jpg

བྲག་སྒམ་ནང་ལྗོངས་རྒྱུ་ས་ཁུལ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། མཛེས་ལྗོངས་འདི་རུ་མ་བཅོས་རང་བྱུང་གི་རྡོ་བའི་ནགས་ཚལ་དང་གནམ་གྱི་ཀ་བ་བསླངས་འདྲའི་བྲག་རི། རི་དྭགས་བག་མེད་རྒྱུ་སའི་ནགས་ཚལ་སྟུག་པོ། ཤང་ཤང་ཀུ་ཅོ་འདོན་པའི་ཆུ་ཕྲན། མིག་མངས་བསྟར་ལ་གཤིབས་འདྲའི་རྣང་ཞིང་། ཡུལ་ཁམས་རིག་གནས་ཀྱི་རྣམ་པ་ཆེར་དོད་པའི་བོད་སྡེ། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་བཅས་ཡུག་གཅིག་ཏུ་སྦྲེལ་ནས་ཡོད། ང་ཚོ་བྲག་ལམ་དེད་ནས་རིང་ཙམ་སོང་བ་ན། གཏོར་མ་ཡི་ཚོགས་གྱེན་ལ་བསླངས་འདྲའི་རྡོ་བ་ལས་གྲུབ་པའི་ནགས་ཚལ་གྱི་གཟུགས་ཙམ་ཞིག་མིག་མདུན་ལ་ཐོལ་གྱིས་མངོན་པ་ན། ཁ་ནས་རང་དབང་མེད་པར་རྡོ་བའི་ནགས་ཚལ་ཞེས་པ་ནི་སྙན་ངག་པའི་འཆར་ཡན་གྱི་རྟོག་ལྗོངས་ཁོ་ན་ལས་ཚོར་རྒྱུ་མྱང་རྒྱུ་ཡོད་པ་ཞིག་མ་ཡིན་པར། དངོས་སུ་མིག་ལ་སྣང་རྒྱུ་ཡོད་པ་འདི་རེད་ཨང་སྙམ་པའི་བག་ལ་ཞ་ཡུན་རིང་བའི་དྲན་པ་དེ་ངང་ངམ་ཤུགས་ཀྱིས་སད།

12e108dd8292db4411c6d8db12c054f4.jpg

ང་ཚོ་དེ་ལྟར་བགྲོད་ལམ་ཀྱག་ཀྱོག་བརྒྱུད་ནས་བྲག་སྒམ་ནང་གི་ལྗོངས་གཟིགས་སྟེགས་བུའི་སྟེང་བུད་དེ་ཕར་ཕྱོགས་སར་རྒྱང་སོ་བལྟས་པ་ན། གཞི་ནས་རི་ཚོགས་ཀྱི་རྔམ་བརྗིད་དང་ལུང་ཁོག་གི་མཛེས་པ་མིག་མདུན་དུ་གཟུགས་ཅན་བཞིན་ཇེ་གསལ་ནས་ཇེ་གསལ་དུ་ཕྱིན། མཐོ་དམའ་མི་སྙོམས་པའི་བྲག་རིའི་རི་ཚོགས་ཀྱི་གསེབ་ན་ལག་པའི་མཐེབ་ཆེན་གྱི་གཟུགས་དང་ཁྱད་མེད་དུ་སྣང་བའི་བྲག་རི་ཁྱད་པར་ཅན་ཞིག་མཐོང་ལམ་དུ་མངོན་ལ། དེ་ནི་དངོས་གནས་མི་ཞིག་གི་མཐེབ་ཆེན་གནམ་ལ་ཀེར་ཀེར་བྱེད་པའི་བཟོ་ལྟ་དང་ཀུན་ནས་འདྲ་བར་མ་ཟད། དེས་བྲག་སྒམ་ནང་གི་མཛེས་ལྗོངས་ནི་ཡུལ་ལྗོངས་ཀུན་ལས་གཙུག་དང་རྒྱལ་པོ་ཡིན་ཞེས་ངའོ་སྙམ་པའི་ང་རྒྱལ་སྟོན་པ་དང་འདྲ། འགྲེལ་བརྗོད་པས་བཤད་པ་ལྟར་ན། ཐེ་བོ་ཞེས་པའི་ས་མིང་དེ་ཐོགས་དོན་ཡང་བྲག་རིའི་རི་ཚོགས་དེའི་གསེབ་ཀྱི་མཐེབ་ཆེན་གནམ་ལ་ཀེར་བའི་གཟུགས་དང་འདྲ་བ་རྒྱུ་མཚན་གྱི་སྒོ་ནས་བཏགས་པར་བཤད། དངོས་གནས་གཟར་ལ་གྲལ་འགྲིག་ཅིང་མཐོ་དམའ་མི་སྙོམས་པའི་བྲག་རིའི་ནགས་ཚལ་འདི་ནི་ལྕགས་རིའི་མུ་ཁྱུད་ཅིག་དང་འདྲ་བར་ལུང་མཐིལ་གྱི་བོད་སྡེ་དང་དགོན་པ་མ་ལུས་ཕྱི་རིམ་ནང་རིམ་བྱས་ཏེ་བསྐོར་ཡོད་ཅིང་། རྣམ་པ་དེར་བལྟས་ན་གནས་འདི་ནི་རྡོ་མཁར་ལས་གྲུབ་པའི་ཕོ་བྲང་སྒོ་མེད་ཅིག་དང་གཉིས་སུ་མེད། མི་ཡུལ་གྱི་དག་ཞིང་དུ་བསྙད་རུང་བའི་གནས་ཁམས་ཅན་འདི་ལ། འདི་ནས་ཡར་ལ་བརྩིས་པའི་ལོ་ངོ་བརྒྱ་ཡི་གོང་རོལ་དུ། མིང་ལ་ལོ་ཁིར་འབོད་པའི་དབྱིན་ཇིའི་བསམ་བློ་མཁས་ཅན་དང་མཚན་ཉིད་རིག་པ་སྨྲ་བ་ཆེན་མོ་ཞིག་གིས་ཞབས་ཟུང་འཁོད་མྱོང་བའི་ལོ་རྒྱུས་ཡོད་ཅིང་། ཁོང་གིས་བྲག་སྒམ་ནང་ལ། གལ་ཏེ་འཇིག་རྟེན་བྱེད་པོས་འགྲོ་བ་མིའི་གཟུགས་དབྱིབས་ཐོག་མ་བཟོས་རྗེས། ཡཱ་ཏང་དང་ཞ་ཝ་གཉིས་ནི་མི་རྒྱུད་ཀྱི་ཐོག་མར་འབོད་པར་བདེན་ངེས་ཅན་ཡོད་ཚེ། གནས་འདི་ནི་ཡཱ་ཏང་དང་ཞ་ཝ་གཉིས་ཀྱི་ཐོག་མའི་སྐྱེས་ཡུལ་ཡིན་ཞེས་གདེང་འཇོག་དོན་དང་ལྡན་པ་བྱས་ཡོད་ཟེར། དེ་ལྟར་ལོ་ཁི་གནས་འདིར་ཡོང་ནས་ད་བར་ཧ་ལམ་ལོ་ངོ་བརྒྱ་འདས་ཀྱང་། གནས་འདི་ནི་སྔར་བཞིན་གང་བུ་མ་གྲོལ་བའི་མེ་ཏོག་གསར་སྐྱེས་ཤིག་གམ་ཡང་ན་མེ་ཏོག་མ་བསྣོག་པའི་གཞོན་ནུ་མ་ཞིག་དང་འདྲ་བར་གཞོན་ཉམས་དོད་ཅིང་ལང་ཚོའི་དཔལ་ཡོན་འབར།

དེ་མིན་ད་དུང་ཆིན་རྒྱལ་རབས་ཀྱི་སྙན་ངག་པ་ཁྲིན་ཀྲོན་ཞི་ཡི་སྙན་ཚིག་ཅིག་ཏུ། ཐེ་རིའི་ལྷོ་ཕྱོགས་དཀར་གཙང་མུ་མཐའ་བྲལ། ། ཁ་བའི་བང་རིམ་ནམ་མཁའི་ཁྱོན་ལ་འདྲེས། ། ཞེས་བྲིས་ཡོད་ཅིང་། ལོ་རྒྱུས་སྨྲ་བ་སྐུ་ཞབས་ཀུའུ་ཅུ་ཀང་གིས་སྤྱི་ལོ1938ལོར་བ་ཙེ་མཁར་རྙིང་གི་ཤར་རིའི་རྩེ་ནས་ལྷོ་ཕྱོགས་ཀྱི་བྲག་སྒམ་ནང་གི་མཛེས་ལྗོངས་ལ་གཟིགས་སྐབས་སུ་འདི་ལྟར་བྲིས་ཡོད་དེ། ལྷོ་བཞུད་སྤྲིན་དཀར་བྲག་སྒོའི་སྲུབས་ན་བཙུར། །གངས་རིའི་འདབས་ཞོལ་འབར་འབུར་ཞིང་སས་བསྐོར། ། ལྷོ་ཡི་ཐེ་བོའི་ཡིད་འོང་མཛེས་ལྗོངས་ཏེ། །བྲག་སྒོའི་སྲུབས་ནས་ཞིབ་ཏུ་གཟིགས་ན་གསལ། །ཞེས་བསྔགས་ཡོད།

37aa533f76fe4bb82a08591b4d39ecfa.jpg

བྲག་སྒམ་ནང་ཞེས་པའི་དོན་ནི་རྡོ་ཡི་སྒམ་ནང་ཞེས་པ་ཡིན་ལ། དོན་དངོས་སུ་རྡོ་མཁར་གྱི་རྣམ་པར་ཆགས་པའི་ཡུལ་ལྗོངས་ཤིག་ཡིན། ངག་རྒྱུན་དུ་གཤིན་རྗེའི་ཕོ་བྲང་ཡང་ཟེར། བྲག་སྒོ་བརྒྱུད་ནས་བྲག་མཐེབ་ཆེན་གྱི་གཟུགས་སུ་འཁུ་བའི་བྲག་རྩར་ཐོན་དུས་ཀྱི་ས་དབྱིབས་ནི་རྣམ་པ་ཧ་ཅང་ཆེ་བའི་ཕོ་བྲང་ཞིག་གི་ཚུལ་དུ་སྣང་བར་མ་ཟད། བྲག་རིམ་ཕོན་པོར་བརྩིགས་པའི་གནའ་བོའི་མཁར་རྫོང་ཞིག་དང་ཁྱད་མེད་དུ་སྣང་། ཕྱོགས་བཞི་མཐོ་ཞིང་བརྗིད་པའི་རྡོ་མཁར་སྲུབས་མེད་ཀྱིས་བསྐོར་ཡོད་ལ། སྟུག་ཞིང་སྣུམ་པའི་ནགས་ཚལ་གྱིས་བྲག་སྒམ་ནང་གི་སྡེ་བ་བཞི་དང་དགོན་པ་གཅིག་པུ་མཐའ་ནས་སྲུང་ཡོད།ནགས་ཚལ་དང་རྩྭ་ཐང་གི་རྒྱ་ཆེ་ཞིང་རི་མཐོ་གྲོག་རོང་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་པ། ཆུ་ཕྲན་དྭངས་མོས་གང་སར་ཁྱབ་པ། བོད་གྲོང་དང་དགོན་པ་མཉམ་དུ་གནས་པ། འཇིག་རྟེན་ཆགས་དུས་ཀྱི་གདོད་མའི་རྗེས་ཤུལ་མངོན་པར་གསལ་བ་བཅས་ནི་བྲག་སྒམ་ནང་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་རྣམས་ལ་བཞག་པའི་བག་ཆགས་ཟབ་མོ་ཅི་ལ་མིན།

897b0ab81cd730660a28367312779060.jpg

གྲོགས་པོ་ལགས། གལ་ཏེ་གནས་འདིའི་ངོ་མཚར་བཀོད་པར་གཟིགས་པའི་ལས་སྐལ་ལྡན་ན། མེ་ཏོག་མ་བསྣོག་པའི་གཞོན་ནུ་མ་ཞིག་དང་འདྲ་བར་གཞོན་ཉམས་དོད་ཅིང་ལང་ཚོའི་དཔལ་ཡོན་འབར་བའི་བྲག་སྒམ་ནང་ནི། དུས་ནམ་ཡང་ཁྱོད་རང་ཤི་ཡང་ཕྱི་མིག་འཕེན་སའི་དྲན་ཤིང་གསོན་པོ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཁྱོན་ནས་མེད་དོ། །

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།