སྲིད་པའི་གཡས་སྐོར། ཏུན་ཧོང་འགྲིམ་པའི་བློ་དང་དྲན་པ།

༢༦.jpg

ལ་ལས་བཤད་ན་ཏུན་ཧོང་དུ་གླིང་ལ་གྲགས་པའི་མའོ་ཀའོ་ཁུའུ་བྲག་ཕུག་ཡོད་ཅིང་དེ་ག་ནས་སྙན་པའི་གྲགས་པ་ཆེ་བའི་ཏུན་ཧོང་གཏེར་ཡིག་རྙེད་པས་ཞིབ་འཇུག་གི་རིན་ཐང་ལྡན་ཟེར། ལ་ཤས་ཀྱིས་ཏུན་ཧོང་དུ་དབྱངས་ལྡན་བྱེ་མའི་རི་དང་ཟླ་གམ་མཚེའུ་ཡོད་པས་དེའི་མཛེས་པ་ནི་མི་ཡུལ་གྱི་རྒྱན་དུ་ཆེ་སྐད། ད་དུང་ཁ་ཤས་ཀྱིས་དེ་གར་ཏུན་ཧོང་གནའ་མཁར་དང་ཡང་ཀོན་མཁར་སོགས་མཁར་ཤུལ་མང་བས་ལོ་རྒྱུས་དཔྱད་གཞི་དང་ལྟད་མོ་ཡང་ཤིན་ཏུ་མང་ཟེར། ཡང་ལ་ཤས་ཤིག་གིས་ཏུན་ཧོང་དུ་མ་ཐོན་པའི་ཅཱ་ཡུས་ཀོན་ཟེར་བའི་གྲོང་ཁྱེར་དུ་ནུབ་བྱང་ཕྱོགས་ཀྱི་རྩེད་ར་ཆེས་ཆེ་བ་དེ་ཡོད་པས་རྩེད་ས་ལེགས་ཟེར། གང་ལྟར་དུས་རབས་ཉེར་གཅིག་པའི་སྟོད་དུ་ཏུན་ཧོང་གཏེར་ཡིག་བུད་པ་ནས་བཟུང་ཏུན་ཧོང་ནི་ཀུན་གྱིས་མིག་ཟུང་ཅེར་ས་དང་རྣ་ཅོག་ཅོར་ས་ཡིན་པས་ཕོ་གསར་སྣང་བ་ཅན་འགའ་ཡང་འདི་ལྟར་ཏུན་ཧོང་ལ་འགྲོ་བའི་ཁ་འཆམ་གྲོས་འགྲིག་བྱུང་།

༢༠.jpg

༨.jpg

གནའ་བོའི་མེས་པོ་ཤིག་གིས་རུ་དཔུང་བསྒྲིགས་ནས་ཉིན་ལམ་མཚན་དང་མཚན་ལམ་ཟླ་ཡིས་བཅད་ནས་ཏུན་ཧོང་དུ་བསྐྱོད་ན་ཡང་། དེང་གི་དུས་སུ་ཏུན་ཧོང་དུ་བསྐྱོད་ན་རླངས་འཁོར་རམ་མེ་འཁོར། མགྱོགས་འཁོར། གནམ་གྲུ་སོགས་རང་ཉིད་ཀྱིས་གང་ནུས་དང་གང་འདོད་བཞིན་དུ་བསྡད་ཆོག་པས་རང་ཉིད་ལ་དུས་ཚོད་དང་སྒོར་མོ་ཡོད་ན་ཅི་འདོད་བྱས་ཆོག་པ་ཞིག་རེད། ང་ཚོས་ཀྱང་དུས་ཚོད་དང་མ་དངུལ་སོགས་ལ་ཕྱོགས་གང་ཐད་ནས་རགས་རྩིས་ཞིབ་རྩིས་མང་དུ་དེད་པའི་རྗེས་སུ་མགྱོགས་འཁོར་ལ་བསྡད་དེ་ཀན་སུའུ་ཞིང་ཆེན་གྱི་ས་གནས་རིམ་པའི་གྲོང་ཁྱེར་ཅཱ་ཡུས་ཀོན་དུ་བསྐྱོད་རྒྱུ་བྱས། གནའ་སྔ་མོར་མེས་པོ་ཚོ་བསྐྱོད་དུས་སུ་རྐང་རྗེས་ཕབ་ཏུ་ཕྱིན་པ་ཡིན་ལ་ང་ཚོ་མེས་པོ་ཚོའི་རྐང་རྗེས་འཚོལ་དུ་སོང་བ་ཡིན་པས་བར་ཁྱད་ཧ་ཅང་ཆེ་ཚུལ་ནི་ལོ་ཟླ་དང་དུས་ཚོད་ཀྱི་སྔ་གཞུག་ཙམ་ག་ལ་ཡིན། གང་ལྟར་ཙོང་ཁའི་ཡུལ་གྱི་ཕོ་གསར་འགའ་མདེའུ་མགོ་རྟགས་ཅན་གྱི་མགྱོགས་འཁོར་ལ་བསྡད་དེ་ཅཱ་ཡུས་ཀོན་གྲོང་ཁྱེར་དུ་ཕྱིན་པ་ཡིན། མགྱོགས་འཁོར་གྱིས་སྒེའུ་ཁུང་ཕྱིའི་གྲོང་ཚོ་དང་གྲོང་ཁྱེར་དག་རེ་རེ་བཞིན་རྒྱབ་ཏུ་བསྐྱུར་ཏེ་ཆུ་ཚོད་གསུམ་དང་ཕྱེད་ཀ་ལྷག་གི་དུས་ཡུན་ནང་དུ་མཚོ་སྔོན་གྱི་རྟ་ཐང་རྫོང་དང་ཀན་སུའུ་ཡི་འབྲོང་ཡུལ་གྲོང་ཁྱེར། ཅིག་ཆོན་གྲོང་ཁྱེར་སོགས་ས་གནས་མང་པོ་ཞིག་བརྒྱུད་པའི་རྗེས་སུ། ཕྱི་དྲོའི་ཆུ་ཚོད་བདུན་པ་ཙམ་ལ་ཅཱ་ཡུས་ཀོན་གྲོང་ཁྱེར་དུ་འབྱོར་བྱུང་། སྤྱིར་ན་ཅཱ་ཡུས་ཀོན་གྲོང་ཁྱེར་དུ་ཡུལ་ལྗོངས་མིང་ཆེན་གྲགས་ཆེན་དང་ལྟད་མོ་ངོ་མཚར་ཅན་མང་པོ་མེད་ན་ཡང་། ཟི་ལིང་ནས་ཐད་ཀར་ཏུན་ཧོང་དུ་རྒྱུགས་པའི་མགྱོགས་འཁོར་མེད་པ་དང་། ཅཱ་ཡུས་ཀོན་དུ་ཧྥང་ཐིག་ཅེས་པའི་རྩེད་ར་ཆེན་པོ་ཞིག་ཡོད་པའི་དབང་དང་ཡང་ན་ཏུན་ཧོང་དུ་ཡང་ཉིན་གཉིས་རིང་དུ་མ་གཏོགས་ཡུལ་སྐོར་བྱེད་ས་མེད་པས་དགོང་མོ་དེར་དེ་ག་ནས་ཞག་སྡོད་ཀྱིས་ཉིན་གཅིག་ལ་ཡུལ་སྐོར་བྱེད་རྒྱུ་གཏན་འཁེལ་བྱས་པ་ཡིན། དགོང་མོ་དེར་ཁ་ཟས་སྟབས་བདེ་ཞིག་ལ་རོལ་རྗེས་གནས་དེ་གར་མིང་གྲགས་ཆེ་བའི་ལྕགས་རི་རིང་པོའི་ནུབ་སྣེར་ཉུལ་བ་ཡིན། གྲོང་ཁྱེར་འདི་ལ་གནམ་འོག་གི་བཙན་འགག་དང་པོ་ཞེས་མཚན་སྙན་བསྩལ་ཡོད་ཅིང2016ལོའི་ཟླ་བཅུ་གཅིག་པར་རང་རྒྱལ་གྱི་ཡུལ་སྐོར་ལྗོངས་དཔེ་རབས་གཉིས་པར་བདམས་པ་རེད།

༦.jpg

ཕྱི་ཉིན་ཞོགས་པའི་དྲོད་འཇམ་ཉི་འོད་དང་ལྷན་དུ་ང་ཚོ་ཐུན་མོང་གི་གྲོས་ཁ་ལྟར་དུ་རྩེད་ར་ཆེན་པོ་དེ་གར་རྩེ་རུ་ཕྱིན་པ་ཡིན། དེ་ནི་གྲོང་ཁྱེར་ལས་ལེ་དབར་བཅུ་ཁ་ལྷག་གི་བར་དུ་གནས་ཤིང་དེའི་ཆེ་ཆུང་ལ་སྨི་གྲུ་བཞི་མ་འབུམ་དྲུག་ནས་བདུན་ལྷག་ཡོད་པར་བཤད་ཅིང་ནང་གི་རྩེད་རིགས་ལ་ཡང་གནམ་ལ་འཕུར་བ་ཆུ་ལ་འཛུལ་བ། མིག་གིས་ལྟ་རྒྱུ་དང་རྣ་ཡིས་ཉན་རྒྱུ། ལག་པས་རེག་རྒྱུ་སོགས་སྣ་མང་ཕུན་སུམ་ཚོགས་པས་ཚན་རིག་དང་ཚན་རིག་གིས་བསྐྱེད་པའི་ཐོན་དངོས་འདི་དག་གིས་མིག་གི་དབང་པོ་ཅིག་ཅར་དུ་འཕྲོག་པར་བྱེད།  ཟི་ལིང་དང་ལན་གྲུ་སོགས་དང་བསྡུར་ན་འདི་ལ་ནུབ་བྱང་ཕྱོགས་ཀྱི་ཆེས་ཆེ་བའི་རྩེད་ར་ཞེས་འབོད་པ་ཡང་དོན་དང་ལྡན་པ་རེད། དེའི་དཀྱིལ་མཚམས་སུ་གདང་ལ་རི་བོ་ཞེས་པའི་རྩེད་རིགས་རྣམ་གྲངས་ཤིག་ཡོད་ཅིང་དེ་གར་གཟུངས་གཞུག་མེད་པའི་སྐུ་བརྙན་འགའ་དང་སྲོག་ཤིང་མེད་པའི་མཆོད་རྟེན་ཞིག ད་དུང་བོད་ཡིག་གིས་རྒྱ་གར་སྐད་དུ་ཞེས་བྲིས་ཡོད་པའི་རྡེའུ་འབུམ་ཆེན་པོ་ཞིག་ཡོད་པ་དང་། དེ་དག་གི་མཐའ་རུ་འབྲོག་མོ་ཞིག་གིས་ཁལ་བཀལ་ནས་འགྲོ་བཞིན་པའི་རྡོ་སྐུ་ཞིག་ཀྱང་ལས་འདུག་པས། ང་ཚོ་དེ་དག་གི་མདུན་དུ་དབང་མེད་དུ་འཚང་ཞིང་པར་རེ་བརྒྱབ་པ་ཡིན། དེ་གར་རྡེའུ་འབུམ་སྟེང་དུ་རྒྱ་གར་སྐད་དུ་ཞེས་པའི་འབྲི་མཁན་དེ་ནི་མི་གྲུང་པོ་དཔྱོད་ལྡན་ཞིག་རེད་ཨང་། དེང་གི་དུས་སུ་སྒོ་བྱང་སོགས་ཡ་མ་གཟུགས་ཀྱིས་འབྲི་བ་དེ་དག་ཞོར་དུ་དྲན་ཞིང་བོད་ཀྱི་རིག་གནས་མང་ཆེ་བའི་མགོ་ཁུངས་རྒྱ་གར་ལ་གཏུགས་དགོས་ན་དེང་གི་དུས་སུ་དེའི་བཀའ་དྲིན་དང་དེ་དག་བོད་དུ་འདྲེན་མཁས་ཀྱི་ལོ་པཎ་དག་གི་བཀའ་དྲིན་ལྷག་ཏུ་དྲན་དགོས་པས། སྔ་རབས་མེས་པོ་དག་གི་ཞབས་རྗེས་ཕབ་མྱོང་སའི་གནས་འདི་ག་ནས་རྒྱ་གར་སྐད་དུ་ཞེས་པའི་ཡིག་འབྲུ་འདི་བཞི་བོ་རྡོ་ལ་བརྐོ་ཐུབ་པ་དང་བརྐོས་ཡོད་པ་འདི་ཡང་དཔྱོད་ལྡན་ཞིག་གི་རྣམ་དཔྱོད་ལས་འཁྲུངས་པ་ནི་ཅིས་ཀྱང་རེད་འདོད། གང་ལྟར་གློ་བུར་བའི་བསམ་འཆར་སྣ་ཚོགས་ཤིག་སྤྲིན་ནག་ལྟར་འཁྲིགས་བཞིན་རྩེད་མོ་དག་ལ་རེ་རེ་བཞིན་དུ་རྩེད་པའི་མཐའ་མར་སྒོ་ལ་བུད་ཅིང་སྒོ་ཁ་ནས་ལྷ་རྒྱལ་ལོ་ཞེས་ངར་སྐད་ཅིག་སྒྲོག་བཞིན་བརྙན་ཐུང་རེ་བླངས་ཏེ་དེ་རིང་གི་འགྲུལ་བཞུད་མཇུག་བསྡུས་པ་ཡིན།

༧.jpg

༥.jpg

ད་དུང་ཡང་གནས་འདི་གར་མཁར་རྙིང་དང་ལྕགས་རི་རིང་པོའི་སྣེ་མོ་སོགས་ལྟ་ས་རྩེད་ས་ཡོད་ན་ཡང་དུས་ཚོད་དང་མི་མང་གི་གྲོས་ཁ་ལྟར་དུ་ཕྱི་ཉིན་དངོས་སུ་ཏུན་ཧོང་གྲོང་ཁྱེར་དུ་ཆས་པ་ཡིན། ཅཱ་ཡུས་ཀོན་ནས་ཏུན་ཧོང་གི་བར་དུ་སྤྱི་ལེ་བཞི་བརྒྱ་ལྷག་ཡོད་ཅིང་། དེ་གར་མགྱོགས་འཁོར་དང་གནམ་གྲུ་འཕུར་ཐེངས་མི་འདུག་ལ་མེ་འཁོར་ཡོད་ཀྱང་ས་གནས་གཞན་མང་པོ་ཞིག་བརྒྱུད་དགོས་ཕྱིར་དུས་ཡུན་ཆུ་ཚོད་ལྔ་དྲུག་ནས་ཉིན་ཞག་གཅིག་གི་བར་དུ་རིང་ཐུང་འདྲ་མིན་སྣ་ཚོགས་འདུག དེ་བས་དེ་ག་ནས་ཏུན་ཧོང་དུ་བསྐྱོད་པའི་འགྲིམ་འགྲུལ་ཆེས་སྟབས་བདེ་བ་ནི་རླངས་འཁོར་རེད། དེ་གར་རེས་འཁོར་ཡོད་ལ། ཆུ་ཚོད་ལྔ་ཙམ་གྱི་ཡུན་ལ་ཐོན་ཞིང་རིན་གོང་སྒོར་མོ་བརྒྱད་ཅུ་ལྷག་རེད། ང་ཚོས་གཅིག་ནས་དུས་ཚོད་གྲོན་ཆུང་དང་གཉིས་ན་སྤྲོ་མོ་སྐྱིད་པོ་ཡོང་ཕྱིར་དུ་སྒེར་གྱི་རླངས་འཁོར་ཞིག་གླས་ཏེ་ཕྱིན་པ་ཡིན་ལ། ལམ་བར་དུ་མི་མེད་ས་སྟོང་མང་པོ་ཞིག་བརྒྱུད་དགོས་ཤིང་དེ་གར་སྐྱེ་དངོས་ཉག་ཙམ་ཡང་སྐྱེས་མེད་པ་མ་ཟད། ད་དུང་དུར་ཁྲོད་དང་དུར་བྱང་གིས་བཀང་ཡོད་པས་བལྟས་ཚོད་ཀྱིས་འཇིགས་སུ་རུང་བ་དང་དངངས་ཤིང་འདར་བའི་ཚོར་བ་ཞིག་དབང་མེད་དུ་སྩོལ་ཞིང་། བྱེ་རྡུལ་འཁུར་བའི་རླུང་བུ་ཡང་དུས་ངེས་མེད་དུ་ལྡང་འོང་བས་གནས་སྐོར་བ་དག་གནམ་སྔོ་ལ་རྩྭ་ལྗང་བ། ཆུ་དྭངས་ལ་ས་གཙང་བ། མེ་ཏོག་དམར་ཞིང་གངས་རི་དཀར་བ། བསིལ་རླུང་འཇམ་ཞིང་ཆར་ཆུ་བསིལ་བའི་བོད་དུ་སླེབས་ཐེངས་རེར་ཧ་ལས་ཧང་སངས་པ་ལ་ཡང་ཁག་མི་འདུག་སྙམ་བྱུང་།   དེ་ནས་ཆུ་ཚོད་གསུམ་དང་ཕྱེད་ཀ་མ་འགོར་བར་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་ལ་དངོས་སུ་ཏུན་ཧོང་གྲོང་ཁྱེར་དུ་འབྱོར།  ཏུན་ཧོང་གྲོང་ཁྱེར་ནི་ཅིག་ཆོན་གྲོང་ཁྱེར་དུ་གཏོགས་པ་རེད། དེ་ནི་ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན། ཤིན་ཅང་བཅས་ཀྱི་འདྲེས་མཚམས་ཡིན་ཞིང་སྤྱིའི་ས་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་གསུམ་ནས་བཞི་ཙམ་ཡོད་ཅིང་མི་གྲངས་འབུམ་གཉིས་དང་ཁྲི་ལྔ་ཙམ་ལས་མེད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་རེད། ཡིན་ཡང་དེ་ནི་དར་གོས་ཚོང་ལམ་གྱི་བརྒྱུད་ལམ་གྲོང་ཁྱེར་ཡིན་ཞིང་། དེ་གར་ཏུན་ཧོང་བྲག་ཕུག་དང་ཏུན་ཧོང་ལྡེབས་རིས་སོགས་ཡོད་ལ། ཡུས་མིན་ཀོན་དང་ཡང་ཀོན་སོགས་ཀྱང་ཡོད་པས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཆེན་གྱི་གྲས་ཀྱང་ཡིན། དེ་གར་ད་དུང་སྙན་པའི་གྲགས་པ་ཆེ་བའི་དབྱངས་ལྡན་བྱེ་མའི་རི་དང་ཟླ་གམ་མཚེའུ་ཡང་ཡོད་པས་ང་ཚོ་ཐད་ཀར་དེ་ལ་ཕྱིན་པ་ཡིན། ཟླ་གམ་མཚེའུ་ནི་དབྱངས་ལྡན་བྱེ་མའི་རི་ཚོགས་ཀྱི་གསེབ་ཏུ་ཡོད་ཅིང་ཟླ་གམ་དབྱིབས་ཀྱི་རྫིང་བུ་ཆུང་ཆུང་ཞིག་རེད། དབྱིབས་དེ་ཟླ་གམ་མམ་ཟོར་བའི་དབྱིབས་སུ་སྣང་བའི་དབང་གིས་རྒྱ་སྐད་དུ(月牙泉)དང་བོད་སྐད་དུ་བསྒྱུར་ན་ཟླ་གམ་མཚེའུ་རེད། དབྱངས་ལྡན་བྱེ་མའི་རི་ཡི་བོད་མིང་འདི་ཡང་རྗེས་ནས་བསྒྱུར་བ་ཞིག་ཡིན་ཞིང་། བྱེ་མའི་རི་དེ་གར་རང་བྱུང་གི་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་སྒྲ་ཞིག་གྲག་པའི་རྐྱེན་གྱིས་རྒྱ་སྐད་དུ(鸣沙山)ཟེར་ཞིང་བོད་སྐད་དུ་དབྱངས་ལྡན་བྱེ་མའི་རི་ཞེས་བསྒྱུར་འདུག གང་ལྟར་དེ་གར་ལྟད་མོ་བ་ཤིན་ཏུ་མང་ལ་རྒྱ་དང་ཁ་ཆེ། ཤིན་ཅང་གི་མི་གཙོ་བྱས་ཕྱི་གླིང་བ་ཡང་མང་དུ་མཆིས་ཤིང་ལག་ཏུ་ཕྲེང་བ་ཐོགས་ཤིང་གདོང་དམར་སྨུག་ཅན་གྱི་བོད་པ་འགའ་རེ་ཡང་མཐོང་རྒྱུ་འདུག 

༡༢.jpg

༡༣.jpg

ཀུན་གྱིས་ཁ་པར་དང་པར་ཆས་བཟུང་ནས་ཡུལ་ལྗོངས་དང་གྲོགས་པོ་ཕན་ཚུན་ལ་པར་དུ་གདབས། ང་ཚོ་བྱེ་ཐང་ལ་སོང་མ་མྱོང་བར་བརྟེན་ཟླ་གམ་མཚེའུ་ལ་རྒྱང་ལྟ་ཉེ་ལྟ་རགས་ལྟ་ཞིབ་ལྟ་སོགས་མང་དུ་བྱས་རྗེས་ཀུན་གྱི་རྗེས་སུ་འབྲངས་ནས་བྱེ་མའི་རི་ལ་འགོས་པ་ཡིན། གྲོགས་པོ་ལ་ལས་གླུ་ལེན་ཞིང་ལ་ལས་བྲོ་ཡང་འཁྲབ་པས་ཀུན་གྱིས་ང་ཚོ་ནི་ཕྱི་རྒྱལ་པ་ཏག་ཏག་རེད་སྙམ་ནས་དབྱིན་སྐད་བཤད་མཁན་མང་དུ་བྱུང་། བྱེ་མའི་རི་འདིའི་ཆེ་ཆུང་ལ་སྤྱི་ལེ་གྲུ་བཞི་མ་ཉིས་བརྒྱ་ཡོད་པར་བཤད་ཅིང་དེའུ་འབུར་མང་དུ་སྣང་། མི་ཚོགས་ནི་དེ་དག་གི་རྩེ་རུ་འགོས་ནས་ཉི་ནུབ་ལ་བསྒུགས་ནས་འདུག་ཅིང་ང་ཚོ་ཡང་དེ་གར་འགོས་ནས་རྩེད་མོ་སྣ་ཚོགས་བརྩེས་པའི་རྗེས་སུ་བྱེ་ཤུད་སྟེག་བཞིན་ཕྱིར་ལོག་པ་ཡིན། བྱེ་མའི་རི་འདི་ལ་ཁྱད་ཆོས་གཉིས་ཡོད་པ་ལས་གཅིག་ནི་བྱེ་ཤུད་སྟེག་དུས་སྒྲ་དབྱངས་ཤིག་གྲག་པར་བཤད་ལ་མིང་ཡང་དེ་ལྟར་དུ་ཐོགས་པར་འདོད། གཉིས་ནི་དེ་རིང་གི་རྐང་རྗེས་ཡོད་དོ་ཅོག་སང་ཉིན་ཞོགས་པར་མེད་པར་འགྱུར་འགྲོ་སྐད། གང་ལྟར་ཟླ་གམ་མཚེའུ་དང་དབྱངས་ལྡན་བྱེ་མའི་རི་ནས་རྩེད་འཇོ་ཡིད་ཚིམས་པ་ཞིག་རོལ་རྗེས་ཕྱིར་ཆས་པ་ཡིན། ཡོང་ཞོར་དུ“ཟླ་གམ་མཚེའུ་ནི་རྒན་པོ་ཞིག་རེད། མི་ཚོགས་ཀྱི་རྐང་རྗེས་མ་མནོན་པའི་རྒན་པོ་ཞིག མི་རྒན་ཞིག་གི་མིག་ཆུ་དང་འདྲ་བའི་ཁྱེད་ཀྱིས་སུ་ཞིག་གི་སྐྱོ་ཉམས་ཁྱེར་ནས་ཡོད་ཨང་། ཁྱེད་ཀྱིས་དུས་རབས་ནམ་ཞིག་གི་གཟི་ཉམས་བཟུང་ནས་ཡོད་ཨང་། ཁྱེད་ཀྱི་ཕྱེད་ཀ་སུས་ཁྱེར་སོང་ངམ”ཞེས་སྙན་ངག་ཐུང་ཐུང་ཞིག་ཀྱང་བྲིས། མི་རྒན་ཞིག་གི་མིག་ཀོང་དང་འདྲ་བའི་ཟླ་གམ་མཚེའུ་དང་མི་ཚོགས་ལ་སུན་མདོག་ཤར་བའི་དབྱངས་ལྡན་བྱེ་མའི་རི་ལ་མྱུལ་ཚར་རྗེས་ཤུལ་དུ་ལྷག་པ་ནི་ཏུན་ཧོང་མཁར་རྙིང་དང་མའོ་ཀའོ་ཁུའུ་བྲག་ཕུག་སོགས་རེད།

༣.jpg

༡༡.jpg

དགོང་མོ་དེར་ཏུན་ཧོང་གྲོང་ཁྱེར་གྱི་ཁྲོམ་དུ་ཉུལ་བ་ཡིན། ཚོང་པ་དང་ཚོང་རྫས་མང་བས་མཚན་ཁྲོམ་ནི་འདུ་འཛི་ལྡན་པ་ཞིག་རེད། ཚོང་རྫས་ལ་གཙོ་བོ་རྡོ་རིགས་དང་རྡོ་བརྐོས། ཤིང་བརྐོས་སོགས་མང་དུ་མཆིས་ཤིང་ས་གནས་དེའི་ཐོན་རྫས་རྒུན་འབྲུམ་དང་ཁ་སུར་དམར་པོ་སོགས་ཀྱང་མང་དུ་འདུག བརྐོས་རིས་ཀྱི་རི་མོ་ནི་གཙོ་བོ་མའོ་ཀའོ་ཁུའུ་བྲག་ཕུག་གི་བརྩེགས་རིམ་དགུ་བ་དང་ཟླ་གམ་མཚེའུ། རྔ་མོང་གི་ཁྱུ་སོགས་ཡིན་ཞིང་ཡུལ་དངོས་སུ་བརྐོས་རིས་སྒྱུ་རྩལ་པ་མང་པོ་ཡོད་པ་དེ་དག་གི་རྐོ་རྩལ་ཧ་ལས་པ་ཡག་པས་རིན་གོང་སྒོར་བརྒྱ་ཕྲག་འགའ་ནས་ཁྲི་ཕྲག་འགའི་བར་སྣ་ཚོགས་པ་མཆིས། དེ་མིན་གདོང་འཛར་རམ་ཤོག་འཛར་ཡང་མང་དུ་འདུག་ཅིང་དེ་དག་གི་བཟོ་དབྱིབས་ཞིབ་ཚགས་ལྡན་ཞིང་སྤུས་ཀ་དག་པས་བལྟས་མ་ཐག་ཏུ་ཉོ་འདོད་ཀྱི་སྣང་བ་ཡང་དབང་མེད་དུ་སྟེར་བས་གྲོགས་པོ་དཔེ་ཆ་བ་འགའ་ལ་རེ་འགའ་ཉོས་པ་ཡིན། དེ་དག་གི་སྟེང་དུ་གསེར་གྱི་ལོ་མ་དང་པི་ཝང་། ཏུན་ཧོང་ལྡེབས་རིས་སུ་མིང་གྲགས་ཆེ་བའི་མཆོད་པའི་ལྷ་མོ་སོགས་སྣ་ཚོགས་པ་ཕབ་འདུག སྐེ་དཀྲིས་སོགས་དར་གྱི་རིགས་དང་། རྡོ་བརྐོས་སོགས་རྡོ་ཡི་རིགས། ཤིང་བརྐོས་སོགས་ཤིང་གི་རིགས། འགྱིག་བཟོས་རྩེད་ཆས་སོགས་བཟོ་རྩལ་ཐོན་རྫས་ཀྱི་རིགས། རྒུན་འབྲུམ་དང་སིལ་ཏོག་སོགས་ཟས་ཀྱི་རིགས་སོགས་མཐོང་མྱོང་ལ་མ་མྱོང་བ། ཟོས་མྱོང་ལ་མ་མྱོང་བའི་རིགས་སྣ་མང་པོ་གནམ་གྱི་སྐར་ཚོགས་དང་ས་ཡི་མེ་ཏོག་ལྟར་མོད་པས་ལྟད་མོ་བ་དག་ཀྱང་རྐང་དྲུག་བུང་བའི་ཚོགས་བཞིན་འདུ་ལོང་ཆེ། དེ་གར་བོང་ཤ་ནི་ཁྱད་དུ་འཕགས་པ་དང་མཆོག་ཏུ་གྱུར་པ། ས་གནས་ཀྱི་ཐོན་རྫས་ཤིག་ཏུ་རྩི་བས་བོང་ཤ་མི་བཟའ་བའི་བོད་པ་དག་གིས་མཉམ་འཇོག་དོ་སྣང་བྱེད་དགོས་འདུག མི་ཚོགས་ཀྱི་འདུ་འཛི་དང་ཟང་ཟིང་གིས་ཏུན་ཧོང་གྲོང་ཁྱེར་གྱི་རྨི་ལམ་རྨང་ནས་དཀྲོགས་ཟིན་ན་ཡང་ཚོང་པ་དག་གི་གདོང་དུ་འཛུམ་མདངས་ཀྱིས་ཕྱུག་ལ་ང་ཚོ་ཡང་དེ་དག་གི་འཛུམ་མདངས་དང་ལྷན་དུ་ར་བཟི་བར་གྱུར།

སྤྱིར་ན་ཏུན་ཧོང་ས་ཁུལ་དང་ས་ཕྱོགས་འདི་གའི་མི་རྣམས་ཀྱི་ངག་འཇམ་ཞིང་བསམ་པ་དཀར་པོ་འདུག་སྟེ། ང་ཚོ་ཕར་སྐྱེལ་ཚུར་ལེན་གྱི་རླངས་འཁོར་ཁ་ལོ་བ་དང་ཡང་ན་མགྲོན་ཁང་གི་བདག་པོ་དང་ཞབས་ཞུ་བ་སུ་ཡིན་ཡང་། དོན་གང་ཞིག་དྲིས་ཀྱང་སུན་པ་མེད་པར་ཞིབ་ཏུ་བརྗོད་ཅིང་། གང་ནུས་ཀྱིས་རོགས་རམ་བགྱིད་མཁན་ཤ་སྟག་རེད། གནས་འདི་གར་ཚོང་རྫས་དག་ལ་རིན་གོང་ཆེན་པོ་གཏམ་རྒྱུ་མེད་པས་འདིས་ཀྱང་ས་གནས་འདིའི་མི་དག་གི་སྤུས་ཚད་ཅུང་ཙམ་མཚོན་ཐུབ་པ་འདྲ། གང་ལྟར་ཉིན་གསུམ་རིང་གི་འབྲེལ་འདྲིས་དང་འགྲོགས་ལོབས་ལས་བདེ་སྣང་ཅུང་ཙམ་བྱུང་སོང་།

༡༨.jpg

༡༦.jpg

དེ་ནས་ཏུན་ཧོང་གནའ་མཁར་དང་ཡང་ཀོན་འགག་གམ་མཁར་ཤུལ་སོགས་སུ་ལྟད་མོར་ཆས།  ཡུས་མུན་འགག་དང་ཡ་ཏན་གཉིས་ཀྱང་གྲགས་ཆེ་ཡང་དུས་ཚོད་དང་གྲོན་དངུལ་གྱི་དབང་གིས་བློས་མི་གཏོང་ཀ་མེད་བྱུང་། ཡང་ཀོན་འགག་ནི་ཏུན་ཧོང་གྲོང་ཁྱེར་ནས་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད་ཅིང་ཡུལ་སྐོར་བྱེད་ས་ཁོ་ན་ཞིག་ཏུ་ཆགས་འདུག དེང་གི་དུས་སུ་བསྐྱར་དུ་བཞེངས་པའི་མཁར་གསར་ཞིག་ཡོད་པ་དེའི་ཕྱི་ནང་ཀུན་ཏུ་གློག་བརྙན་འཕྲིན་ཕབ་བྱེད་ཀྱི་ལག་ཆ་དང་ར་སྐོར་ཆེ་མ་ཆུང་གསུམ་མང་པོ་འདུག མཁར་གྱི་ནང་ཁུལ་ནས་སྤྱི་ལེ་གཉིས་མཚམས་སུ་གནའ་དུས་སུ་སོ་ལྟ་བྱེད་སའི་མཁར་རྫོང་རྙིང་ཤུལ་ཞིག་ཡོད་ཅིང་།   རྒྱའི་སྐད་དུ“ཁྱོད་རང་ཁྱོད་ཀྱི་ཡང་ཀོན་ལམ་དང་ང་རང་ང་ཡི་སྒེར་ཚུགས་ཟམ་དུ་བསྐྱོད”ཅེས་པ་ལས་ཡང་ཀོན་ལམ་ཡང་གནས་འདིར་ཡོད་ལ།  གང་ཡིན་ཅི་ཡིན་འགྲེལ་བརྗོད་པར་གསལ་བོ་ཞིག་བཤད་རྒྱུ་འདུག མོས་བཤད་ན་རྒྱའི་སྐད་ཀྱི(独木桥)ནི་རྗེས་ནས་བསྣན་པ་ཞིག་ལས་གནས་ཤིག་ཏུ་ངོས་འཛིན་རྒྱུ་མེད་ཟེར། གང་ལྟར་གནས་དེ་ནི་བྱེ་ཟེགས་དང་བྲག་རྡོ་འདྲེས་མའི་ས་རྩུབ་ཀྱང་ཁོད་ཡངས་པ་ཞིག་རེད། ལོ་རྒྱུས་ཀྱི་གནའ་ཤུལ་ཙམ་ལས་མཛུབ་མོ་བཙུགས་ནས་སྟོན་རྒྱུ་དང་ལག་པ་བསྲིངས་ནས་མྱོང་རྒྱུ་ཅི་ཡང་མི་འདུག དེ་ནས་ཕྱིར་ལམ་དེད་དེ་ཡོང་ན་ད་དུང་ཡང་ཡུལ་ལྗོངས་རེ་འགའ་དང་འགག་མཁར་ལ་ཤས་ཡོད་ཀྱང་སོ་སོར་ནང་དུ་འཛུལ་བྱེད་ལ་རིན་གོང་མི་འདྲ་བ་སྟེར་དགོས་པས་ང་ཚོ་ནང་དུ་མ་ཕྱིན། དེ་ནས་ཕྱིར་ལམ་དེད་ནས་སྤྱི་ལེ་བཞི་བཅུ་ལྷག་ཙམ་ལ་ཡོང་ན་ཏུན་ཧོང་མཁར་རྙིང་དུ་ཐོན་ཞིང་དེ་ནི་གྲོང་ཁྱེར་ནས་སྤྱི་ལེ་བཅོ་ལྔ་བཅུ་དྲུག་ཙམ་ལས་མི་འདུག དེ་ནི་སྔོན་ཆད་མཁར་རྫོང་སྟོབས་ཆེན་ཞིག་ཡིན་པར་བཤད་ཀྱང་དེང་གི་དུས་སུ་ལོ་རྒྱུས་ཀྱི་གནའ་ཤུལ་ཙམ་ལས་ཅི་ཡང་སྟོན་རྒྱུ་མེད་པས། གློག་བརྙན་དང་བརྙན་འཕྲིན་ཟློས་གར་ཕབ་ས་ཞིག་ཏུ་བྱས་ནས་གློག་བརྙན་གྲགས་ཆེན་ཡང་མང་དུ་ཕབ་མྱོང་བ་རེད། དེ་གར་ཆུ་ཚོད་གཅིག་གི་ཡུན་ཙམ་ལ་ཡར་ཉུལ་མར་ཉུལ་བྱས་པའི་རྗེས་སུ་ཡང་བསྐྱར་ཏུན་ཧོང་གྲོང་ཁྱེར་དུ་ལོག་ནས་དེ་གའི་རིག་མཛོད་ཁང་དུ་ལྟ་སྐོར་ལ་ཕྱིན་པ་ཡིན། རིག་མཛོད་ཁང་དུ་འགྲོ་བ་ལ་རིན་པ་ཅི་ཡང་མི་དགོས་ལ། དེ་རུ་འབག་སྐུ་དང་ཡིག་གཟུགས། མཚོན་ཆ་སོགས་མང་དུ་འདུག་ཅིང་མའོ་ཀའོ་ཁུའུ་བྲག་ཕུག་ནང་གི་ལྡེབས་རིས་དང་འབག་སྐུ་སོགས་བསྐྱར་གསོ་བྱས་པ་ཡང་མང་དུ་འདུག་ལ། ཉིས་ཐོག་གི་འགྲེམས་ཁང་ཞིག་ཏུ་ཅོང་ཆེན་པོ་ཞིག་ཡོད་ཅིང་དེའི་སྟེང་དུ་རྒྱ་བོད་ཡིག་སྤེལ་མར་བྲིས་འདུག་ལ་ཡོང་ཀྲིན་ལོ་བརྒྱད་པར་བྲིས་པ་ཧ་ཅང་གསལ་ཞིང་། བོད་ཡིག་ཏུ་མཉམ་མེད་ཙོང་ཁ་པ་སོགས་ལ་མཆོད་པར་བརྗོད་པ་བྲིས་ཡོད་ཅིང་དབྱངས་བཞི་ཕྱིར་སློག་པ་སོགས་གནའ་ཡིག་གི་འབྲི་སྟངས་མངོན་ཡོད། དེ་མིན་ད་དུང་རྣམ་བཅུ་དབང་ལྡན་སོགས་ཡིག་རིས་ཀྱང་མང་དུ་འདུག དེ་མིན་བོད་ཡིག་གི་རྡོ་བརྐོས་རེ་གཉིས་དང་མདོ་ལོས་ཡིན་སྙམ་པའི་དཔེ་ཆ་སྣ་རིང་ཤོག་ལེབ་གཉིས་ཀྱང་འདུག་པས་དེ་དག་ལ་ཞིབ་ལྟ་རེ་བྱེད་ཞོར་དུ་པར་གསལ་བོ་རེ་བཏབ་པ་ཡིན། རིག་མཛོད་ཁང་འདི་ཆེ་རྒྱུ་མི་འདུག་ལ་རིག་རྫས་ཀྱང་མང་པོ་མི་འདུག  གནས་འདི་དག་ལ་ཞིབ་ཏུ་མྱུལ་བའི་མཐའ་མར་ཆུ་ཚོད་བཅུ་དགུ་བར་སླེབས་འདུག་པས་སྡོད་སར་ལོག་ནས་ངལ་ལེགས་པར་གསོས་ཏེ་སང་ཉིན་མའོ་ཀའོ་ཁུའུ་བྲག་ཕུག་ཏུ་འགྲོ་རྒྱུར་གྲ་སྒྲིག་གང་ལེགས་བྱས། སྤྱིར་ན་ཏུན་ཧོང་དུ་ཡུལ་སྐོར་དུ་འགྲོ་དོན་གྱི་དམིགས་བྱ་གཙོ་བོ་ནི་མའོ་ཀའོ་ཁུའུ་བྲག་ཕུག་ཡིན་ན་ཡང་ང་ཚོས་གནས་འདི་ཉིན་མཐའ་མར་བསྐྱུར་བ་ཡིན། དེ་ཡང་གནས་འདིར་ཉིན་རེར་མི་ཐེངས་སྟོང་དྲུག་ལས་སྣེ་ལེན་བྱེད་ཀྱིན་མེད་པས་འཛིན་བྱང་ལག་ཏུ་མ་སོན། ཞིབ་འཇུག་པའམ་ཞིབ་འཇུག་སྡེ་ཁག་གི་ངོ་སྤྲོད་ཡི་གེ་ཡོད་ན་རིན་གོང་ཕྱེད་ཀ་གཅོག་པ་མ་གཏོགས་གཞན་ལོ་དྲུག་ཅུའི་མན་ཡོངས་ལ་སྒོར་ཉིས་བརྒྱ་བཞི་བཅུ་རེད། མའོ་ཀའོ་ཁུའུ་བྲག་ཕུག་ཡོད་ས་ནི་ཏུན་ཧོང་གྲོང་ཁྱེར་ནས་སྤྱི་ལེ་བཅུ་ལྷག་གི་མཚམས་སུ་ཡོད་ཅིང་དེ་གར་ཐོན་མ་ཐག་ཏུན་ཧོང་དང་མའོ་ཀའོ་ཁུའུ་བྲག་ཕུག་དང་འབྲེལ་བའི་གློག་བརྙན་གཉིས་ལ་བལྟ་དགོས་པ་རེད།

༢༣.jpg

དང་པོ་ནི་ཏུན་ཧོང་དང་འབྲེལ་བའི་ལོ་རྒྱུས་རགས་རིམ་སྟེ་མིང་ལ་ལི་ཙོན་དུ་འབོད་པའི་རྒྱའི་བཙུན་པ་ཞིག་གིས་བྲག་ཕུག་དང་པོ་བརྐོས་པའི་ལོ་རྒྱུས་ནས་རྗེས་བྱུང་གི་འཕེལ་རིམ་སོགས་ཡིན་ཞིང་། གཉིས་པ་ནི་མའོ་ཀའོ་ཁུའུ་བྲག་ཕུག་ལས་སྒོ་འབྱེད་བྱས་མེད་པའི་བྲག་ཕུག་ནང་གི་སྐུ་འདྲ་བརྙན་རིས་སོགས་བརྙན་ཕབ་བྱས་ཡོད་པས་མིག་འབྲས་ལྟ་བུའི་གློག་བརྙན་ཁང་ཞིག་ཏུ་བལྟ་དགོས་པ་རེད། བརྙན་ཐུང་འདི་གཉིས་ཀར་བལྟས་པའི་རྗེས་སུ་མའོ་ཀའོ་ཁུའུ་བྲག་ཕུག་ལ་ཡང་རྒྱུས་ཅུང་ཙམ་ལེན་ཐུབ་པ་རེད། མའོ་ཀའོ་ཁུའུ་བྲག་ཕུག་གི་མིང་གཞན་ལ་སངས་རྒྱས་སྟོང་སྐུའི་བྲག་ཕུག་ཀྱང་ཟེར་ཏེ། མི་མང་པོ་ཞིག་གིས་བྲག་ཕུག་སྟོང་ཡོད་པའི་དབང་གིས་དེ་ལྟར་འབོད་པར་འདོད་ཀྱང་དོན་དངོས་སུ་དེ་འདྲ་མ་ཡིན་པར་བྲག་ཕུག་རེ་རེའི་ནང་དུ་སངས་རྒྱས་སྟོང་སྐུ་བྲིས་ཡོད་པའི་རྐྱེན་གྱིས་ཡིན་པ་འགྲེལ་བརྗོད་པས་བཤད། འདི་རུ་བྲག་ཕུག་ཆེ་མ་ཆུང་གསུམ735ཡོད་ཅིང་ལྡེབས་རིས་སྣ་མང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4.5ལྷག་ཡོད་པ་དང་འབག་སྐུ་ཆེ་ཆུང་འདྲ་མིན2415ཡོད་པར་བཤད། འགྲེལ་བརྗོད་པས་བཤད་ན་འདི་ནི་རྒྱལ་ཕྲན་བཅུ་དྲུག་སྐབས་ཀྱི་ཆིན་རྒྱལ་རབས་སྔོན་མའི་དུས་སུ་བཞེངས་ཤིང་རྒྱལ་ཕྲན་བཅུ་དྲུག་གི་དུས་དང་བྱང་རྒྱལ་རབས། སའེ་དང་ཐང་རྒྱལ་རབས། རྒྱལ་རབས་ལྔ་སྡེ། ཞ་རྒྱལ་རབས་ནུབ་མ། ཡོན་རྒྱལ་རབས་སོགས་བརྒྱུད་ནས་བསྐྱར་བཞེངས་བྱས་མྱོང་སྐད། དེང་གི་དུས་སུ་འདི་ནི་འཛམ་གླིང་དུ་སྒྲིག་གཞི་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་ཐུབ་བསྟན་རིག་གནས་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཏུ་ངོས་འཛིན་ཞིང་། 1987ལོ་ནས་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ཡོད། གློག་བརྙན་ལ་བལྟ་ས་དེ་ག་ནས་རླངས་འཁོར་ལ་བསྡད་དེ་སྐར་མ་བཅུ་ཁ་ཙམ་ཕྱིན་ན་ད་གཟོད་མའོ་ཀའོ་ཁུའུ་བྲག་ཕུག་ཡོད་སར་སླེབས་ཐུབ་ཅིང་། ལམ་བར་མང་ཆེ་བ་བྱེ་ཐང་ཡིན་ཞིང་། བྲག་གཟར་ཞིག་ཏུ་བྲག་ཕུག་མང་པོ་མཐོང་བ་དེ་མའོ་ཀའོ་བྲག་ཕུག་རེད་འདོད་ན་ཡང་འགྲེལ་བརྗོད་པས་བཤད་ན་དེ་ནི་སྐབས་དེ་དུས་བྲག་ཕུག་རྐོ་མཁན་དག་གི་སྡོད་གནས་རེད་ཟེར། དངོས་སུ་མའོ་ཀའོ་ཁུའུ་ལ་ཐོན་ན་ཁང་གསར་མང་པོ་ལས་ཡོད་ཅིང་ལུང་ཁོག་ཅིག་ཏུ་ཆགས་འདུག སྔོན་ཆད་དེ་གར་ཆུ་ཆེན་པོ་ཞིག་ཡོད་པར་བཤད་ལ་འགྲམ་གྱི་བྲག་གཟར་སྟེང་དུ་བྲག་ཕུག་ཆེ་ཆུང་སྣ་ཚོགས་ཀྱིས་བཀང་ཡོད་ཅིང་སྒོ་ཁ་སོ་སོར་ཨང་རྟགས་ཀྱང་བརྒྱབ་འདུག་པ་དེ་ནི་ངག་རྒྱུན་ཁྲོད་ཀྱི་མའོ་ཀའོ་ཁུའུ་བྲག་ཕུག་སྟེ་ཏུན་ཧོང་གཏེར་ཡིག་རྙེད།

༡༥.jpg

༩.jpg

བྲག་ཕུག་རེ་རེའི་ནང་དུ་མི་ཤོངས་ཚད་མི་འདྲ་ལ་ཐོག་མར་རང་གིས་སྤ་སེ་ཉོ་དུས་ཀྱང་རིགས་མི་འདྲ་བས་དེ་གར་ཐོན་རྗེས་གནས་དེའི་ལས་མིའི་བཀོད་སྒྲིག་ལྟར་མི་ཉི་ཤུ་ཚོགས་པ་གཅིག་བྱས་ཏེ་འགྲེལ་བརྗོད་པ་གཅིག་གིས་ཁྲིད་ནས་འགྲོ་དགོས་པ་རེད། སྤ་སེ་ལ་རིགས་ལྔ་ནས་དྲུག་ཡོད་ཅིང་རིན་གོང་མི་འདྲ་ལ་ནང་དུ་འཛུལ་ཆོག་པའི་བྲག་ཕུག་གི་མང་ཉུང་ཡང་མི་འདྲ་བ་རེད། ཆེས་མང་བ་ནི་བྲག་ཕུག་བཅུ་གཉིས་ཅན་ཞིག་ཡོད་པ་དེ་ཡིན་ཞིང་ང་ཚོས་སྤ་སེ་རིགས་དེ་ཉོས་པ་ཡིན། དེ་ནས་འགྲེལ་བརྗོད་པའི་རྗེས་དེད་ནས་བྲག་ཕུག་རེ་རེའི་ནང་དུ་འཛུལ་ན་བྲག་ཕུག་རེ་རེའི་ཆེ་ཆུང་མི་འདྲ་ཞིང་ནང་དུ་ཡོད་པའི་སྐུ་བརྙན་དང་ལྡེབས་རིས་སོགས་ཀྱང་འདྲ་མིན་སྣ་ཚོགས་རེད། བྲག་ཕུག་ཨང392པ་ནི་ང་ཚོ་ཐོག་མར་འགྲོ་སའི་བྲག་ཕུག་རེད། དེ་ནི་བྲག་ཕུག་ཆུང་ཆུང་ཞིག་རེད། ནང་དུ་འཛུལ་ན་བྲག་ཕུག་གི་ངོས་ཡོངས་སུ་ལྡེབས་རིས་སྣ་ཚོགས་བྲིས་འདུག་ཅིང་བྲག་ཕུག་གི་དཀྱིལ་དུ་ཐོན་ན་བྲག་ཕུག་གི་གནམ་ཧ་ཅང་མཐོ་ཞིང་གནམ་ངོས་ནི་ཤིང་བྲེ་ཞིག་ཁ་མར་འཁོར་ནས་བྲག་ཕུག་གི་ཁ་བཀབ་ཡོད་པ་དང་འདྲ་ཞིང་། ནང་དུ་འཛུལ་མ་ཐག་པའི་དྲང་ཐད་དུ་རྒྱའི་བྲི་ལུགས་ལྟར་བཞེངས་པའི་སངས་རྒྱས་ཀྱི་སྐུ་འདྲ་ཞིག་དང་དེའི་ལོགས་གཉིས་སུ་སངས་རྒྱས་ཀྱི་འཁོར་བྲིས་འདུག་པ་ཞིག་མཆི།  འགྲེལ་བརྗོད་པས་འདིའི་འབྲི་ལུགས་དང་ཁ་དོག མི་སྣའི་སྣང་བརྙན་གཟུགས་དབྱིབས་སོགས་ཀྱི་ངོས་ནས་བལྟས་ན་ཐང་རྒྱལ་རབས་སུ་བཞེངས་པ་ཞིག་ཡིན་ཞིང་ཆིང་རྒྱལ་རབས་ཀྱི་སྐབས་སུ་བསྐྱར་བཞེངས་བྱས་པ་མངོན་གསལ་རེད་ཟེར། ཀླད་ཀྱི་ཤིང་བྲེ་ལྟ་བུའི་མཐིལ་དུ་འཁོར་ལོའམ་པད་འདབས་བྲིས་ཡོད་ཅིང་དེ་ནས་རིམ་བཞིན་ལྷ་ལྷ་མོ་མཁའ་ལ་རྒྱུ་བའི་རྣམ་པ། དེ་ནས་རི་མོ་སྣ་ཚོགས། དེ་ནས་བྲག་ངོས་ཡོངས་སུ་སངས་རྒྱས་སྟོང་སྐུ་བྲིས་འདུག  ཁ་དོག་གཙོ་བོ་ནི་དམར་སེར་དང་དཀར་པོའི་ཆ་མངོན་ཞིང་ད་ལྟ་ད་དུང་ཡང་གསལ་ལེར་མངོན་པས་ལོ་ངོ་སྟོང་ཕྲག་གི་ཡར་སྔོན་དུ་བཞེངས་པ་རེད་ཅེ་ན་སུ་ཡང་རློམ་པར་དཀའ་བ་ཞིག་རེད། འོན་ཀྱང་དོན་དངོས་འདི་ལྟར་མིག་མདུན་དུ་བཤམས་འདུག་པས་ལྐུགས་པའི་བརྟུལ་ཞུགས་མི་འཆང་ཀ་མེད་རེད། དེ་དག་ཀུན་ལས་ཁོ་བོའི་མིག་དབང་འཕྲོག་བྱེད་ནི་བྲག་ཕུག་དེའི་ནང་དུ་འཛུལ་མ་ཐག་པའི་གཡོན་ཕྱོགས་ཀྱི་བྲག་ངོས་སུ་ཨོཾ་བཛྲ་ཞེས་པའི་སྔགས་ཡིག་ཐིག་ཕྲེང་གཅིག་དང་མཇུག་ཏུ་བཀྲ་ཤིས་པར་གྱུར་ཅིག་ཅེས་སྨྱུག་ཁ་སྦོམ་པའི་བོད་ཡིག་ཐིག་ཕྲེང་གསུམ་འདུག་པ་ལ། ཡིག་གཟུགས་ཡག་ཅིང་གནའ་བོའི་འབྲི་ལུགས་དང་མཐུན་ཞིང་ཁ་དོག་དམར་སེར་གྱི་མདངས་དང་ལྡན་པ་མ་ཟད། བྲག་ངོས་ཀྱི་ལྡེབས་རིས་སྟེང་དུ་བྲིས་པ་ཞིག་རེད་པས་ཕྱིས་སུ་བྲིས་པ་གསལ་ལེར་ཤེས་ཐུབ་པ་རེད། བྲག་ཕུག་རེ་ཡི་ནང་དུ་སྐར་མ་གསུམ་ཙམ་ལ་ལྟ་སྐོར་བྱས་ཏེ་བྲག་ཕུག་བདུན་བརྒྱད་ཙམ་ལ་ལྟ་སྐོར་བྱས་ན། བྲག་ཕུག་གི་བཞེངས་ལུགས་མཐུན་པར་སྣང་ཡང་ནང་གི་སྐུ་འདྲ་ནི་འདྲ་མིན་སྣ་ཚོགས་ཡིན་ཞིང་ཁ་དོག་ཀྱང་མང་དུ་མཆིས་པས་བཞེངས་དུས་སུ་རྒྱལ་རབས་མི་འདྲ་བ་མང་པོ་ཡིན་པར་བཤད། དེ་མིན་སྐུ་འདྲ་མང་པོ་ཞིག་གི་ཕྱག་དང་ཞབས་སོགས་སུ་གས་ཆག་ཤོར་ནས་ཁ་ཚང་མིན་པ་དང་བྲག་ཕུག་གི་གནམ་ངོས་ཀྱི་ལྡེབས་རིས་ཀྱང་ཁ་ཚང་མིན་པ་སོགས་མང་དུ་མཐོང་། དེའི་རྗེས་སུ་ང་ཚོས་ཆེས་ལྟ་འདོད་པའི་བྲག་ཕུག་ཨང16པ་དང17པའི་ནང་དུ་སླེབས་བྱུང་། དེའི་མཐོ་ཚད་ནི་བརྩེགས་རིམ་གསུམ་པ་ཞིག་རེད། ནང་གི་བཞེངས་ལུགས་སོགས་ནི་སྔར་དང་མཐུན་ཞིང་ལྡེབས་རིས་བཞེངས་ལུགས་ཀྱང་ཕལ་ཆེར་གཅིག་པ་རེད། འོན་ཀྱང་དེའི་ནང་གི་ཤོངས་ཚད་ནི་སྔ་མ་དག་ལས་ལྡབ་འགྱུར་གྱིས་ཆེ་ཞིང་ནང་དུ་འཛུལ་མ་ཐག་པའི་སྒོ་ཁར་བཙུན་པ་ཞིག་གི་འབག་སྐུ་བཞེངས་འདུག བྲག་ཕུག་འདི་ནི་ཏུན་ཧོང་གཏེར་ཡིག་སོགས་རྙེད་ས་ཡིན་པས། འགྲེལ་བརྗོད་པས་བཤད་པ་ལྟར་ན་འདིའི་ནང་དུ་སྤྱི་ལོ་དུས་རབས་བཞི་བ་ནས་བཅུ་གཅིག་པའི་བར་གྱི་ནང་བསྟན་བསྟན་བཅོས་སྣ་ཚོགས་དང་སྤྱི་ཚོགས་ཡིག་ཆ། གཙགས་དྲུབ། དཔེ་རིས། ཕྱག་ཆ་སོགས་རིག་དངོས་ཁྲི་བཞི་ལྷག་རྙེད་པར་བཤད། འདིའི་ནང་དུ་ཤོངས་ཚོད་ཅིག་ཡོད་ཚེ་རིག་དངོས་དེ་དག་བློ་ཡིད་ལ་ཤོང་དཀའ་བ་ཞིག་རེད། འོན་ཀྱང་དེ་དག་ནི་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་ཡོད་པས་ད་ལྟ་ཤུལ་དུ་ལྷག་པ་ནི་ལྡེབས་རིས་ཙམ་དང་འབག་སྐུ་ཙམ་ལས་ཅི་ཡང་མི་འདུག བྲག་ཕུག་ནང་དུ་པར་འདེབས་པ་དང་བརྙན་ལེན་པ་སོགས་ཀྱི་ལས་ཅི་ཡང་བྱས་མི་ཆོག་པས་རང་གི་མིག་གིས་ཟིན་ཚོད་ཅིག་ལ་བལྟ་དགོས་པ་རེད། དེ་ནས་བྲག་ཕུག་འགའ་ལ་རེ་རེ་བཞིན་དུ་བལྟས་ནས་བྲག་ཕུག་རྗེས་མ་དེ་ནི་མའོ་ཀའོ་ཁུའུ་བྲག་ཕུག་གི་མཚོན་རྟགས་སུ་གྱུར་པའི་བརྩེགས་རིམ་དགུ་བ་ཅན་གྱི་བྲག་ཕུག་དེ་རེད། དེའི་ནང་དུ་ཐང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་འདྲ་ཆེན་པོ་ཞིག་འདུག་ལ་དེའི་མཐོ་ཚད་སྨི45ཡོད་པ་དང་དེ་ནི་རང་རྒྱལ་གྱི་བྱམས་སྐུ་ཆེན་པོ་ཨང་གསུམ་པ་རེད། འགྲེལ་བརྗོད་པས་བཤད་ན་དེ་ནི་ཐང་གི་དུས་སུ་ལོ་ངོ་བཅུ་གཉིས་རིང་དུ་བཞེངས་ཤིང་ཞབས་ནས་ཡར་ལ་བཞེངས་པ་ཞིག་ཡིན་པས་འབག་བཟོ་དག་གི་ཐིག་ཚད་མ་ལོན་པའི་དབང་གིས་བྲག་ཕུག་གི་ཀླད་ཕྱེ་ཡོད་པ་ཞིག་རེད། ཕྱིས་སུ་དེ་ལ་ཤིང་གི་ཁང་བ་ལྟ་བུ་ཞིག་བཞེངས་ནས་སྲུང་སྐྱོབ་བྱས་འདུག བྲག་ཕུག་དེའི་ངོས་ཀྱང་གཞན་དག་དང་འདྲ་བར་སངས་རྒྱས་སྟོང་སྐུ་སོགས་མང་དུ་བྲིས་འདུག

༢༢.jpg

དེ་ལྟར་བྲག་ཕུག་བཅུ་གཉིས་པོ་རེ་རེ་བཞིན་དུ་བལྟས་ཚར་བའི་རྗེས་སུ་དེ་རིང་གི་འགྲུལ་བཞུད་ཀྱང་མཇུག་རྫོགས་ལ་ཉེ་བས། འགྲེལ་བརྗོད་པར་བྲག་ཕུག་གཞན་པར་བོད་དང་འབྲེལ་བའམ་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ལྡེབས་རིས་སོགས་ཡོད་མིན་ཞིབ་པར་དྲིས་པ་ལ། འགའ་རེ་ཡོད་ཀྱང་སྒོ་ཕྱེ་མེད་པས་བལྟ་ཐབས་མི་འདུག་ཟེར། དོན་དུ་ཡང་དེ་དག་གི་སྒོ་ཕྱེ་ཡོད་ཀྱང་གཅིག་ནས་ལོ་རྒྱུས་མི་ཤེས་པ་དང་གཉིས་ནས་དེའི་ཕྱོགས་ཀྱི་ཞིབ་འཇུག་ཀྱང་མེད་པས་མིག་གིས་མཐོང་ཡང་དོན་སྒོ་ཅི་ཞིག་ཡོད་དམ།  བྲག་ཕུག་སོ་སོའི་ལྡེབས་རིས་འབག་སྐུ་སོགས་ལ་རྒྱལ་རབས་སོ་སོ་དང་རྗེས་སུ་སྲུང་སྐྱོབ་པས་སྲུང་སྐྱོབ་ཀྱི་ཚུལ་དུ་བསྐྱར་བཞེངས་བསྐྱར་གསོ་མང་དུ་བྱས་ཡོད་པས་གདོད་མའི་ཚུལ་དངོས་ནི་མཐོང་དཀའ་བར་འདུག

སྔ་དྲོ་ཞིག་གི་རིང་གི་འགྲུལ་བཞུད་འདི་ལྟར་རྫོགས་ཤིང་རེ་ལྟོས་ཆེ་བའི་ཏུན་ཧོང་བྲག་ཕུག་གི་བཟོ་བཀོད་དང་དེ་མིན་གྱི་གཞན་དག་ཀྱང་འདི་ལྟར་མཇལ་ཚར་བས་ད་ནི་ཡིད་སེམས་དགའ་སྐྱོ་གཉིས་ལྡན་དུ་གྱུར་ནས་ཡུད་ཙམ་ལ་ཅི་ཞིག་བྱེད་དགོས་པའང་མི་ཤེས་པར་གྱུར། གནའ་སྔ་མོའི་དུས་སུ་མེས་པོ་དཔའ་མཛངས་ཅན་ཞིག་གིས་འདི་རུ་ཞབས་རྗེས་བཀོད་ཅིང་ཕྱག་རྗེས་བཞག་མྱོང་ནའང་། དེ་རིང་ངས་འདི་རུ་རྐང་རྗེས་ཙམ་ཡང་མ་རྙེད་པར་ཕྱིར་ལོག་དགོས་ན་ཇི་འདྲའི་ཡིད་སྐྱོ་བ་ལ། གནའ་སྔ་མོའི་དུས་སུ་མེས་པོ་མཁས་མཛངས་ལྡན་པ་དག་གིས་གནས་འདི་གར་གླུ་བླངས་ནས་བྲོ་འཁྲབ་མྱོང་ནའང་། དེ་རིང་ངས་འདི་ནས་ངག་ཀྱང་མ་འཁྲོལ་བར་ཕྱིར་ལོག་དགོས་པ་ཇི་འདྲའི་བློ་ཕམ་པ་ལ་ཨང་།

ཏུན་ཧོང་གི་མི་དམངས་ལགས། གནའ་སྔ་མོ་ཞིག་ལ་བོད་པ་སློག་པ་གྱོན་པའི་ཨ་མྱེ་སྐོར་ཞིག་གིས་གནས་འདིར་གཞི་བཅོས་པ་ལོ་རྒྱུས་སུ་གསང་ཐབས་མེད་ཀྱང་། དུས་ཀྱི་ཆར་རླུང་གིས་བསུབ་ཡག་བྱས་འདུག  དེ་རིང་ང་ཚོ་བོད་ཀྱི་ཕོ་གསར་སྣང་བ་ཅན་ཁ་ཤས་ཀྱིས་འདི་རུ་རྐང་རྗེས་བཙལ་ནས་རྐང་རྗེས་ཤིག་ཕབ་ཡོད་པ་འདི་ཅིས་ཀྱང་མི་བསུབ་རོགས། ཞོར་དུ་ཞུ་རྒྱུ་ཞིག་ལ་ང་ཚོ་ནི་གདོང་དམར་སྨུག་ཅན་གྱི་བོད་ཡིན་པ་ལས་ཁྱེད་ཚོའི་མིག་ནང་གི་ཤིན་ཅང་བ་དང་ཕྱི་རྒྱལ་བ་དག་ཡེ་ནས་མ་ཡིན་ནོ།

༢༥.jpg

༡.jpg

༢༡.jpg

༢.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།