ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ས་གཙང་འབྲོག་རས“གཟན་རྩྭའི་རིག་ནུས་ཅན་གྱི་ལག་རྩལ”ནང་འདྲེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདམ་གཞུང་རྫོང་ས་གཙང་འབྲོག་རས“གཟན་རྩྭའི་རིག་ནུས་ཅན་གྱི་ལག་རྩལ”ནང་འདྲེན་བྱས་པ་རེད། ལག་རྩལ་ལ་བརྟེན་ནས་འབྲི་གཡག་ལ་དབྱར་དུས་སུ་གཟན་རྩྭ་སོས་པ་བཟའ་རྒྱུ་བྱུང་བ་མ་ཟད། ད་དུང་དགུན་དུས་སུ་འབྲོག་རས་བཏབ་པའི་གཟན་རྩྭ་སོས་པ་བཟའ་རྒྱུ་ཡོང་བ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། “གཟན་རྩྭའི་རིག་ནུས་ཅན་གྱི་ལག་རྩལ”གྱིས་གཙོ་བོ་བཟོ་ལས་ཅན་གྱི་སྐྱེ་ལྡན་གཟན་རྩྭ་ཐོན་སྐྱེད་བྱེད་ཀྱི་ཡོད། བཟོ་གྲྭའི་ནང་གི་ཐོན་སྐྱེད་མ་ལག་ཐད་སྐྱེ་དངོས་ཀྱི་བཅུད་ཁུ་ས་མེད་འདེབས་འཛུགས་སྤྱད་ནས་རིག་ནུས་ཀྱི་དྲོད་ཚད་ཚོད་འཛིན་དང་། རང་འགུལ་གྱི་ཆུ་སིལ་གཏོང་བ། LEDགློག་འོད་འཕྲོ་བ་སོགས་བརྒྱུད། ས་བོན་འཚར་ལོངས་ཡོང་རྒྱུར་མཁོ་བའི་དྲོད་ཚད་དང་། བརླན་ཚད། འོད་འཕྲོ། འཚོ་བཅུད་སོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། ཐེག་ཚད་ལོན་ནས་ཐོན་སྐྱེད་བྱེད་པའི་གནས་ཚུལ་འོག གཟའ་འཁོར་གཅིག་ནང་ཏུན་1ཙམ་གྱི་ས་བོན་ལས་སྤུས་ལེགས་ཀྱི་གཟན་རྩྭ་ཏུན་8ནས་10བར་ཐོན་ཐུབ་ཀྱི་ཡོད།

སྲོལ་རྒྱུན་གྱི་གཟན་རྩྭ་དང་བསྡུར་ན། “གཟན་རྩྭའི་རིག་ནུས་ཅན་གྱི་ལག་རྩལ”ལས་ལས་མིའི་དུས་ཚོད་གྲོན་ཆུང་ཐུབ་ནས་འདེབས་འཛུཌ་བྱས་པའི་གཟན་རྩྭ་ནུས་ཆེ་དང་ནུས་རྒྱུ་གྲོན་ཆུང་གི་བྱ་ཐབས་ཐོག་ནས་འདེབས་འཛུགས་ཐུབ་པ་དང་། དེའི་འཚོ་བཅུད་ཧ་ཅང་ཕུན་སུམ་ཚོགས་ལ་ཕྱུགས་རིགས་ཀྱི་རིམས་འགོག་ནུས་པ་ནུས་ལྡན་ངང་ཆེ་རུ་ཕྱིན་ནས་ཐུམ་འབུའི་ནད་སོགས་འགོག་ཐུབ། འདམ་གཞུང་རྫོང་གི་ས་གཙང་འབྲོག་རར་གཟན་རྩྭ་ཐོན་སྐྱེད་འཁོར་ཁང་7ཡོད་པ་དང་མིག་སྔར་འཁོར་ཁང་1ཚོད་ལྟ་གཉེར་སྐྱོང་བྱེད་བཞིན་ཡོད་པ་རེད།

“རྣམ་གྲངས་དེའི་ལག་རྩལ་ད་ལོའི་ཟླ་5པ་ནས་བཟུང་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ལག་རྩལ་འདི་བོད་ཡོངས་སུ་མིག་སྔར་མཐོང་དཀོན་པ་ཞིག་རེད”ཅེས་འདམ་གཞུང་རྫོང་ས་གཙང་འབྲོག་ར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ངག་དབང་སྟོབས་རྒྱལ་གྱིས་གསར་འགོད་པར་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།