མི་རིགས་མཐུན་སྒྲིལ་གཅིག་སེམས་གཅིག་ཏུ་སྦྲེལ། བདེ་སྐྱིད་འཚོ་བ་གསར་པར་མཉམ་དུ་རོལ།

—— བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བའི་སྐོར་རགས་ཙམ་བཀོད་པ།    

ལོ་མང་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དེ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ་གཞི་རྟེན་སྣ་ཚོགས་གང་ལེགས་སྤྱོད་པ་དང་། དོན་འཁྱོལ་ལ་དམ་འཛིན་དང་གསར་གཏོད་མཐའ་འཁྱོངས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་བསམ་བློའི་འགན་ལེན་དང་། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། བསམ་པའི་སྒུལ་ཤུགས་བཅས་མཁོ་འདོན་ནུས་ལྡན་བྱས་ཡོད་པ་རེད།

2018ལོར། ནག་ཆུ་གྲོང་ཁྱེར་གྱིས“མི་སེམས་འགུལ་བའི་ནག་ཆུའི་མི་སྣའི”བྱ་དགའ་སྤྲོད་པའི་བྱེད་སྒོ་སྐབས་དང་པོ་གཉེར་ནས་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་གྲུབ་འབྲས་གཏོད་མཁན་མི་སྣ་བཅུ་ལ་གཟེངས་བསྟོད་བྱས་པ་རེད། ཁོང་ཚོས་ལེགས་སྐྱེས་དང་། ཁྲག་དྲོན། ཐ་ན་ཚེ་སྲོག་སྐྱེས་སུ་ཕུལ་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་ནང་དོན་ལ་གསལ་འགྲེལ་བྱས་པ་དང་ནག་ཆུའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཇི་མ་ཇི་བཞིན་ལོ་རྒྱུས་སུ་བཀོད་པ་དང་འབྲེལ། བྱང་ཐང་བུ་ཕྲུག་གི་བསམ་བློའི་འགྱུར་ལྡོག་འགྲོ་ཚུལ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། བྱ་དགའ་སྤྲོད་པའི་བྱེད་སྒོ་ནི་ནག་ཆུའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་གཞི་ནུས་ལྡན་ཞིག་རེད་ལ། མི་རིགས་མཐུན་སྒྲིལ་ལག་ལེན་བསྟར་བའི་གཞི་རྟེན་ནུས་ལྡན་ཞིག་ཀྱང་ཡིན་པས་ནག་ཆུ་གྲོང་ཁྱེར་ལ་བསམ་པའི་གསོལ་སྟོན་རྒྱས་པོ་ཞིག་བཤམས་པ་དང་། ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་ཆེའི་སྒུལ་ཤུགས་གཅིག་ཏུ་བསྒྲིལ་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་སུ“ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་གྱི་མིག་དཔེའི”བཞུགས་མོལ་ཚོགས་འདུ་དང་། རྒྱལ་གཅེས་གློག་བརྙན་ཚང་མས་བལྟ། རིག་གནས་གཤམ་སྤེལ། ཞིང་ནང་མུ་ཁར་སྒྲོག་འགྲེལ། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་འགྲན་བསྡུར། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་རྩོམ་ཡིག་འགྲན་བསྡུར། དམག་དཔུང་དང་ས་གནས་མཐུན་འབྲེལ་བྱེད་སྒོ་སོགས་ཚུད་པའི་སྣ་མང་ཕུན་སུམ་ཚོགས་པའི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་མི་ཆོས་རིག་གནས་ཅན་དང་། དངོས་ཚན་ཅན། སྤྱི་དམངས་ཅན་བཅས་ལ་འགྱུར་བར་སྐུལ་འདེད་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་ཡོད་པ་རེད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། རིམ་ཁག་སློབ་གསོའི་ཁོངས་གཏོགས་དང་སློབ་གྲྭ་ཁག་གིས་ཀྱང་ནུས་ཤུགས་ཡོད་རྒུ་བཏོན་ནས་གསར་གཏོད་ལས་དོན་གྱི་གཞི་རྟེན་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་པས་སྤུས་རྟགས་ཀྱི་ཕན་ནུས་ལྡན་པའི་ཕུགས་ཕན་སློབ་གསོའི་ལག་ལེན་བྱེད་སྒོའི་ལམ་སྲོལ་མང་པོ་གྲུབ་ཡོད་པ་རེད།

ས་ཁུལ་ཁག་དང་རིམ་པ་ཁག་གིས་ཏང་ཡོན་དང་། ལས་བྱེད་པ། དགེ་རྒན་དང་མི་རིགས་ཁག་གི་སློབ་མ་གྲོགས་པོ་སྒྲིག་རྒྱུ་ནང་དོན་གཙོ་བོར་བྱས་པའི“འབྲེལ་གསུམ་སྐྱོད་གསུམ་འགྲོགས་འདྲིས་གཅིག”གི་སློབ་གསོའི་ལག་ལེན་དང་། “གཅིག་རེ་བདུན”གྱི་བརྗོད་དོན་གཙོ་བོའི་ལག་ལེན་ཉམས་ལེན་བྱེད་སྒོ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཟླ་བའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་ནས་ས་ཁུལ་དེ་ག་དང་སློབ་གྲྭ་དེ་གའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་སྤུས་རྟགས་ཆགས་པར་འཚོལ་ཞིབ་བྱས་པ་སྟེ། དཔེར་ན། ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་གྱང་བཟོས་པ་དང་། མངའ་རིས་ས་ཁུལ་གྱིས“གསེར་གྱི་ས་བོན”འདུ་འགོད་ལག་བསྟར་བྱས་པ། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས“སློབ་ཚན་གོང་གི་སྐར་མ་ལྔའི”སློབ་གསོ་དང“སློབ་སྦྱོང་རོགས་རེས་ཚོགས་ཆུང”གི་བྱ་ཐབས་ལག་ལེན་བསྟར་བ་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ཡོད་པ་རེད།

མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཤན་ཆེན་ཤང་གིས་ལོ་ལྟར“སྔོན་སྐྱོད་ལེན་གྱི་སྙིང་སྟོབས”བརྗོད་དོན་གཙོ་བོར་བྱས་ཏེ་སྔོན་སྐྱོད་ལེན་གྱི་གསར་བརྗེའི་སློབ་གསོའི་རྟེན་གཞི་དང་། འཕྲེད་ཡིག་འགེལ་བ། སྦྱར་ཡིག་སྦྱོར་བ། 《རྩ་ཁྲིམས》དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》《མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་ཀློག་དེབ》འཆད་ཁྲིད་སོགས་ཀྱི་རྣམ་པ་དང་བྱ་ཐབས་སྣ་ཚོགས་སྤྱད་པས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་མང་ཚོགས་དང་ཉེ་བཅར་དང་གཞི་རིམ་དང་ཉེ་བཅར་ཐུབ་ཡོད། མིག་སྔའི་བར། དྲིལ་བསྒྲགས་ཤོག་བྱང་310ལྷག་ཙམ་སྤྲད་པ་དང་། འཕྲེད་ཡིག་45བཀལ་བ། 《རྩ་ཁྲིམས》སོགས་ཀྱི་ཤེས་བྱའི་འཆད་ཁྲིད་ཐེངས་16བྱས་པས་སློབ་གསོ་ཐེབས་པའི་ལས་བྱེད་པ་དང་མང་ཚོགས་མི་ཐེངས་2000ལྷག་ཙམ་ཟིན་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད་ལ། མི་རིགས་ཁག་གི་མང་ཚོགས་དབར་གྱི་བརྩེ་སེམས་ཀྱང་ཟབ་ཏུ་ཕྱིན་ཡོད་པ་རེད།

མི་རིགས་མཐུན་སྒྲིལ་གྱི་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་དཔང་པོ་བྱེད་པའི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་གནའ་གྲོང་ཐའེ་ཀྲའོ་ལ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། ཐང་རྒྱལ་རབས་ཚུན་གྱི་བོད་ལྗོངས་དང་ནང་སའི་དབར་གྱི་འབྲེལ་བ་དམ་ཟབ་དང་བོད་རིགས་དང་རྒྱ་རིགས་དང་མི་རིགས་གཞན་དག་དབར་གྱི་ལོ་རྒྱུས་མཉམ་འདྲེས་ཀྱི་བརྒྱུད་རིམ་དང་བརྩེ་སེམས་ཟབ་མོ་བཀོད་ཡོད། 2018ལོར། གནའ་གྲོང་ཐའེ་ཀྲའོ་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་གཅེས་རིང་ལུགས(མི་རིགས་མཐུན་སྒྲིལ)ཀྱི་སློབ་གསོའི་རྟེན་གཞིར་བདམས་པ་དང་། ད་ཆ་ཉིང་ཁྲི་གྲོང་ཁྱེར་དང་ཀོང་པོ་རྒྱ་མདའ་རྫོང་གི་གྲོང་གསེབ་ཀྱི་མང་ཚོགས་དང་། དགོན་སྡེའི་གྲྭ་བཙུན། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ་དང་སློབ་མས་རྒྱུན་དུ་ལྟ་སྐོར་བྱེད་སའི་རྟེན་གཞིའི་གྲས་ཤིག་ཏུ་གྱུར་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སེམས་ནུས་གཅིག་སྒྲིལ་གྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་པའི་སྤྲོ་སེམས་འཕེལ་བར་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།