དཀའ་སྤྱད་ཀྱི་སོ་ནམ་ལ་ལོ་ཏོག་གི་འབྲས་བཟང་སྨིན།

——བོད་ཡིག་གི《མི་དམངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་བཅུ་འཁོར་སྐབས་སུ་བྲིས་པ།

1.jpg

ཞུས་ཆེན་ཁང་གི་ལས་དོན་པས་པར་ངོས་བཅོས་བཞིན་པ།

སྦྲང་ཆར་གྱིས་ཡང་ཡང་བྲན་ཞིང་། རི་ཀླུང་རབ་ཏུ་སྣུམ་པའི་རྫོགས་ལྡན་གྱི་དུས་ཚིགས2019ལོའི་ཟླ7ཚེས30”ཉིན། པེ་ཅིང་དང་། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ནས་ཕེབས་པའི་སྐུ་མགྲོན་དང་ཀློག་པ་པོའི་མཐུས་མི། ཚགས་པར་གཉེར་མཁན་སོགས་ལྔ་བཅུ་ལྷག་ཙམ་གནའ་གྲོང་ལྷ་སར་ལྷན་དུ་འཛོམས་ནས་བོད་ཡིག་གི《མི་དམངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་བཅུ་འཁོར་བའི་ཞུགས་མོལ་ཚོགས་འདུ་འཚོགས་ཐོག འདས་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་། མ་འོངས་པར་རྒྱང་ལྟ་བྱས་པ་རེད། ཚོགས་འདུའི་ཐོག་བོད་ཀྱི་ཀློག་པ་པོའི་འཐུས་མི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་བཟང་མོ་གྲོང་ཚོའི་ཟླ་བ་ཚེ་རིང་གིས“བོད་ཡིག་གི《མི་དམངས་ཉིན་རེའི་ཚགས་པར》ནི་ངའི་རྒྱུན་གཏན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བཀླག་བྱ་ཞིག་ལ་གྱུར་སོང་། རྒྱུན་དུ་ཚགས་པར་དེ་ལྟ་ཀློག་བྱེད་རིམ་བཞིན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དང་ཏང་ཀྲུང་དབྱང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ཏུ་སྦྲེལ་བའི་མྱོང་ཚོར་ཟབ་མོ་ཡོང་གི་འདུག”ཅེས་བཤད། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ《བདེ་ཆེན་ཉིན་རེའི་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་ཀློག་པ་པོའི་འཐུས་མི་པད་མ་ཚེ་རིང་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི《ཀན་ལྷོ་ཚགས་པར》གྱི་རྩོམ་སྒྲིག་པ་ཀློག་པ་པོའི་འཐུས་མི་ས་སྐྱོང་གིས“བོད་ཡིག་གི《མི་དམངས་ཉིན་རེའི་ཚགས་པར》གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་གྱི་གསར་འགྱུར་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་ཞིང་ཆེན་གཞན་དག་བཞིའི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་ཀྱི་གནས་ཚུལ། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅིའི་མཛད་སྒོ་ཁག་དུས་ཐོག་ཏུ་བཀོད་པ་དེས་རྒྱ་ཆེའི་མང་ཚོགས་ལ་ཏང་ཀྲུང་དབྱང་དང་དེ་བས་ཐག་ཉེ་རུ་སོང་བའི་ཚོར་སྣང་སྟེར་བ་མ་ཟད། ང་ཚོ་བོད་ཡིག་གི་ཚགས་པར་དང་དྲ་ཚིགས་གཉེར་མཁན་ལའང་བོད་ཡིག་གི་ལམ་ནས་གསར་འགྱུར་གྱི་འབྱུང་ཁུངས་ཕུན་སུམ་ཚོགས་པོ་ཞིག་མཁོ་འདོན་ཡོང་གི་འདུག”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

བོད་ཡིག་གི《མི་དམངས་ཉིན་རེའི་ཚགས་པར》2009ལོའི་ཟླ8ཚེས1ཉིན་ནས་འདོན་འགོ་ཚུགས་ཤིང་། ཚགས་པར་འདི་ཉིད་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ལམ་ནས་བཏོན་པའི་ཏང་ཀྲུང་དབྱང་ལས་ཁུངས་ཀྱི་ཚགས་པར་འབའ་ཞིག་ཡིན་པས། དེ་ནི་ཏང་ཀྲུང་དབྱང་གིས་བོད་རིགས་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་ཞིག་དང་། བོད་རིགས་མི་དམངས་ཀྱི་ཆབ་སྲིད་དང་རིག་གནས་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཚགས་པར་འདི་བཞིན་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་འགན་འཁུར་བ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་ཐོག་ཉིན་ལྟར་པར་ངོས་བཞི་རེ་བཏོན་ཏེ། བོད་རང་སྐྱོང་ལྗོངས་དང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་དང་། སློབ་གྲྭ་འབྲིང་ཆུང་། དགོན་སྡེ་བཅས་ཚང་མར་ཚགས་པར་གཉིས་རེ་རིན་མེད་འགྲེམས་སྤེལ་བྱེད་ཀྱི་ཡོད། ལོ་བཅུའི་རིང་། བོད་ཡིག་གི《མི་དམངས་ཉིན་རེའི་ཚགས་པར》གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་སྟོན་ཕྱོགས། རིན་ཐང་གཉེར་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་ནུས་ལྡན་དང་། ཏང་གི་རིགས་པའི་གཞུང་ལུགས་དང་དེ་བཞིན་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་ནུས་ལྡན། རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་གལ་ཆེན་དང་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་གསར་འགྱུར་གལ་ཆེན་འཕྲིན་སྤེལ་ནུས་ལྡན་བཅས་བྱས་ཏེ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་ཐུན་མོང་མ་ཡིན་པའི་ནུས་པ་བཏོན་པར་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།

ཕྱིར་དྲན་བྱེད་པའི་ཚེ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚགས་པར་འདོན་རྒྱུའི་ཐག་གཅོད་གཏན་འཁེལ་གནང་བ་ནས་ལོ་བཅུའི་གོང་གི་ཟླ8ཚེས1ཉིན་ཚགས་པར་དངོས་སུ་མ་བཏོན་གོང་གི་གྲ་སྒྲིག་ལས་དོན་དཔེར་ན། ཚགས་པར་གྱི་འགོ་ཡིག་འཆར་འགོད་དང་། ལས་རིམ་བཀོད་སྒྲིག པར་ངོས་འཆར་འགོད། པར་འདེབས་བྱ་ཡུལ་ཁག་གསུམ་གྱི་མཐུན་སྦྱོར། ཚགས་པར་པར་གྲངས་དང་འགྲེམས་སྤེལ་བྱེད་ཕྱོགས་སོགས་ཀྱི་གྲ་སྒྲིག་ལས་དོན་ལ་ཉིན་བདུན་ལས་མ་འགོར་བར་ཟླ་བདུན་པའི་ཚེས27ཉིན་ཚོད་ལྟའི་ཚགས་པར་བཏོན་པ་དང་། ཟླ་8ཚེས་1ཉིན་ཚགས་པར་བདེ་བླག་ངང་བཏོན་ནས་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཀྱི་བོད་རིགས་ས་ཁུལ་དུ་དངོས་སུ་འགྲེམས་སྤེལ་བྱས་ཤིང་། དེ་ནི་བོད་ཡིག་གི་ཉིན་རེའི་ཚགས་པར་ཞིག་གསར་དུ་འདོན་པའི་གྲ་སྒྲིག་གི་དུས་ཚོད་ཐུང་ཤོས་དང་ཚགས་པར་གསར་དུ་འདོན་པའི་ལོ་རྒྱུས་ཐོག་ཅུང་མཐོང་དཀོན་པ་ཞིག་ཡིན་པས། གངས་ལྗོངས་ས་མཐོར་ཚགས་པར་གཉེར་བའི་ལོ་རྒྱུས་ཐོག་གི་ངོ་མཚར་ཞིག་རེད་ཅེས་བརྗོད་སྤོབས།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནི་ཚགས་པར་འདི་ཉིད་པར་སྐྲུན་འགྲེམས་སྤེལ་གྱི་ལས་འགན་འཁུར་མཁན་གཙོ་བོ་ཞིག་ཡིན་ཞིང་། བོད་ཡིག་རྩོམ་སྒྲིག་པུའི་ལས་བྱེད་ལས་བཟོ་ཚོས་དམིགས་བསལ་གྱི་ནུས་པ་བཏོན་པ་དང་ལེགས་སྐྱེས་ཕུལ་ཡོད། སྐབས་དེར《བོད་ལྗོངས་ཉིན་རེའི་ཚགས་པར》རང་ངོས་འདོན་སྤེལ་ལ་འདང་བའི་རྩོམ་སྒྱུར་སྟོབས་ཤུགས་ལས་མེད་པའི་གནས་ཚུལ་འོག གློ་བུར་དུ་ཉིན་རེའི་ཚགས་པར་གཞན་ཞིག་འདོན་དགོས་ན་ལས་འབོར་ལྡབ་གཅིག་མང་དུ་འགྲོ་རྒྱུ་ཡིན་པ་དང་། རྩོམ་སྒྱུར་གྱི་རེ་བ་དེ་བས་མཐོ་བ་ཡོད་པས། བོད་ཡིག་རྩོམ་སྒྲིག་ཁང་གི་ལས་བྱེད་ལས་བཟོ་ཡོངས་ནས་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་སྣང་ཆེན། འགན་འཁྲི་ནན་ཏན་འཁུར་བ་བཅས་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་ལས་འགན་ལྕི་བ་དང་། མ་དངུལ་དོན་འཁྱོལ་མ་བྱུང་བ། མི་གྲངས་གསར་སྣོན་མེད་པ་བཅས་ཀྱི་དཀའ་ངལ་དུ་མ་ཁྱད་དུ་བསད་ཐོག མཐུན་རྐྱེན་དང་སྟོབས་ཤུགས་མཐའ་དག་སྐུལ་སློང་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་གནང་བའི་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པའི་ལས་འགན་དང་དུ་བླངས

འདི་ལོའི་ཟླ7ཚེས31ཉིན་བར། ཚགས་པར་འདོན་ཐེངས3448བཏོན་པ་དང་། ཉིན་རེར་པར་འགྲེམས་བྱེད་ཚད་ཐོག་མའི51238ནས་ལོ་རེ་བཞིན་མངགས་ཉོ་བྱེད་མཁན་ཇེ་མང་དུ་སོང་ནས་2019ལོར་ཉིན་རེར་པར་འགྲེམས་བྱེད་ཚད་ཚགས་པར་གྲངས་67447ཟིན་ནས་རང་རྒྱལ་གྱི་བོད་ཡིག་ཚགས་པར་དང་དུས་དེབ་ཁྲོད་པར་འགྲེམས་བྱེད་ཚད་མང་ཤོས་སུ་གྱུར་ཡོད། འདིའི་ཐོག་ནས་ཚགས་པར་ནི་བོད་རིགས་མང་ཚོགས་ཀྱི་ཁྲོད་དུ་སྔར་བཞིན་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་། རིགས་པའི་གཞུང་ལུགས། ཏང་གི་མི་རིགས་སྲིད་ཇུས་བཅས་སློབ་སྦྱོང་གི་འདྲེན་རྟེན་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་དང་ཚན་རིག་ཤེས་བྱའི་ཡོང་ཁུངས་གལ་ཆེན་ཞིག་ཡིན་པ་མཐོང་ཐུབ། དེ་བས་ཀྱང་ཚགས་པར་འདི་ཉིད་ཀྱི་གློག་རྡུལ་པར་ངོས་དང་ནང་དོན་ཁག་རྒྱལ་ཡོངས་ཀྱི་བོད་ཡིག་ཚགས་པར་དང་དྲ་ཚིགས་གཙོ་བོར་བྱས་པའི་བོད་ཡིག་སྨྱན་སྦྱོར་ཁག་གི་གསར་འགྱུར་གལ་ཆེན་གྱི་ཡོངས་ཁུངས་གལ་ཆེན་དང་། བོད་ཡིག་གི་ཚད་ལྡན་གསར་འགྱུར་མཁོ་འདོན་བྱེད་མཁན་གལ་ཆེན་ལ་གྱུར་ནས་ཚང་མས་བརྒྱུད་འགོད་བྱེད་པས། དོན་དངོས་ཐོག་བོད་ཡིག་གསར་འགྱུར་མཁོ་འདོན་བྱེད་མཁན“ཤིན་ཧྭ་གསར་འགྱུར་ཁང”ལྟ་བུར་གྱུར་ནས། གསར་འགྱུར་རྩོམ་སྒྱུར་ཐད་རྟ་ཁ་རང་འཁྱེར་དང་ཐ་སྙད་དང་མིང་བརྡ་གཅིག་གྱུར་མེད་པའི་གནས་ཚུལ་ལེགས་བཅོས་ལ་ནུས་པ་གལ་ཆེན་ཐོན་ཡོད།

ལོ་བཅུའི་ནང་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རབ་དང་རིམ་པས་ཚགས་པར་འདི་ཉིད་ཀྱི་ལས་དོན་ལ་ཐུགས་ཁུར་དང་དོ་སྣང་ཆེན་པོ་གནང་སྟེ། ཁས་ལེན་དང་སྐུལ་ལྕག་གང་ལེགས་གནང་མྱོང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དབུ་ཁྲིད་རབ་དང་རིམ་པ་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དབུ་ཁྲིད་རིམ་པས་ཀྱང་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་སྟེ། ཚགས་པར་འདི་ཉིད་གཉེར་ཕྱོགས་ཐད་ཁ་ཕྱོགས་བསྟན་པ་དང་སྟོབས་ཤུགས་མཁོ་འདོན་གནང་ཡོད།

ཚགས་པར་འདི་ཉིད་བཏོན་པ་དེས་ཚགས་པར་གཉེར་མཁན་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་འབྲེལ་ཡོད་འགན་བབས་ལས་དོན་འཕེལ་རྒྱས་དང་། འགན་བབས་མི་སྣ་གསོ་སྐྱོང་དང་སྦྱོང་བརྡར་སྤྲོད་རྒྱུར་མཐུན་རྐྱེན་གང་ལེགས་བསྐྲུན་ཅིང་། ལོ་བཅུའི་ནང་ཚགས་པར་འདི་ཉིད་ཀྱི་ལས་ཀ་བརྒྱུད་རྩོམ་སྒྲིག་པ་དང་ལོ་ཙཱ་བ་ཕུལ་བྱུང་མང་པོ་ཞིག་ཐོན་པ་དང་། ཚགས་པར་དང་ཐོག་འདོན་སྐབས་ཀྱི་སྟོབས་གསར་རྣམས་ད་ཆ་འགན་བབས་ཀྱི་རྐང་འཛིན་སྟོབས་ཤུགས་ལ་གྱུར་ནས་རང་རང་སོ་སོའི་ལས་གནས་ཐོག་ནུས་པ་འདོན་བཞིན་ཡོད།

ལོ་ཟླའི་ཕྲེང་བ་བགྲང་བཞིན་དུ། གོམ་སྟབས་རེ་ལ་རྐང་རྗེས་རེ། ཐོག་མའི་བསམ་འདུན་མ་བརྗེད་པར། སླར་ཡང་ངོ་མཚར་གསར་པ་གཏོད། ཚེས30ཉིན་འཚོགས་པའི་བཞུགས་མོལ་ཚོགས་འདུར་ཀྲུང་དབྱང་དང་རང་སྐྱོང་རིམ་པའི་ལས་ཁུངས་དང་དབུ་ཁྲིད་ཀྱི་དོ་ཁུར་དང་མཐོང་ཆེན་ཐོབ་ཅིང་། བཞུགས་མོལ་ཚོགས་འདུར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། མི་དམངས་ཉིན་རེའི་ཚགས་པར། དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་ཞུགས་པ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་ཨུ་ལྷན་གྱི་ཁོངས་མི་དང་དྲུང་ཆེ་ཆའོ་ཡུང་ཆིང་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞུས་ཀྲེང་མིང་། རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ནེང་ཧྲེང་། ཀྲུང་གོ་སྦྲག་ཏར་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཚའོ་ཅན་ཧྲེན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འགན་ཁུར་བ། ཀློག་པ་པོའི་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ་ནས་མཉམ་དུ་བོད་ཡིག་གི《མི་དམངས་ཉིན་རེའི་ཚགས་པར》བཏོན་ནས་ལོ10འཁོར་བའི་བརྒྱུད་རིམ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཚགས་པར་གཉེར་ཚུལ་ལ་ཕྱིར་དྲན་བྱས་ ཏེ་གྲུབ་འབྲས་ཁས་ལེན་དང་། ཉམས་མྱོང་ཕྱོགས་སྡོམ། ཞན་ཆ་ངོས་འཛིན་བྱས་པ་མ་ཟད། སླད་ཕྱིན་མུ་མཐུད་བོད་ཡིག་གི《མི་དམངས་ཉིན་རེའི་ཚགས་པར》སྔར་བས་ཡག་པོ་གཉེར་བ་དང་། ས་ཁོངས་དང་། མི་ཚོགས། ནང་དོན་བཅས་ཀྱི་ཁྱབ་རྒྱ་ཆེ་རུ་ནུས་ལྡན་གཏོང་བ། བརྒྱུད་སྤེལ་དང་ཁྲིད་སྟོན་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དེ་བས་ལེགས་པའི་གྲུབ་འབྲས་ཐོག་ནས་རང་རྒྱལ་གྱི་ལོ་བརྒྱ་གཉིས་ཀྱི་དམིགས་ཚད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཕྱིར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བསྟན་པ་རེད།

2.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།