བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དབུལ་བོ་ཚང་མས་ད་ལོར་དབུལ་སྒྲོལ་བྱས་ནས་དབུལ་ཞྭ་ཕུད་ཐུབ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་30ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་2018ལོའི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2018ལོར་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་བོ་ཁྲི་5.31དབུལ་ཐར་འགག་སྒྲོལ་ཐུབ་པ་དང་། བསྟུད་མར་ལེགས་སྒྲིག་བྱས་རྗེས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་བོ་ཁྲི་3.48ལྷག་ཙམ་ཟིན་པར་དབུལ་བོ་ཆགས་ཚད་5.1%བར་མར་ཆག་ཡོད་པ་རེད། ད་ལོར་དབུལ་བོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་འདིའི་དབུལ་བོ་ཚང་མས་དབུལ་སྒྲོལ་བྱས་ཏེ་དབུལ་ཞྭ་ཕུད་ཐུབ་རྒྱུ་རེད། 

གཞིས་ཀ་རྩེ་ནི་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་གྲོང་ཁྱེར་ཆེ་གྲས་ཤིག་ཡིན་པ་དང་འབྲུ་རིགས་ཐོན་འབོར་གྱིས་བོད་ལྗོངས་ཡོངས་ཀྱི་40%ཡན་བཟུང་ཡོད། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་མ་དངུལ་དོ་དམ་དང་སློབ་ཆེན་སློབ་མ་དབུལ་བོ་ལ་སློབ་ཡོན་མི་དགོས་པའི་སློབ་གསོའི་རོགས་དངུལ་སོགས་ཆ་སྒྲིག་པའི་བྱེད་ཐབས་20ལྷག་བཙུགས་ཡོད། དུས་མཚུངས་སུ་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་42.15བསྡུ་སྒྲིལ་བྱས་ནས་དབུལ་ཐར་འགག་སྒྲོལ་ཐད་སྤྱད་པ་རེད། དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་2.55ཟིན་པ་དང་། དབུལ་སྐྱོར་ཐོན་ལས་རྣམ་གྲངས་117འཛུགས་སྐྲུན་བྱེད་པར་མ་དངུལ་སྒོར་དུང་ཕྱུར་25.6བཏང་ནས་དབུལ་བོ་མི་གྲངས་ཁྲི་5.38ལ་ཕན་ཐོགས་པ་རེད།

2.jpg

པར་འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཚན་ལྗོངས་ཡིན།

3.jpg

པར་འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ས་སྐྱ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་4.3བཏང་བའི་ཞིང་ལས་གླིང་དངོས་སུ་ལས་འགོ་ཚུགས་པ་(དཔྱད་གཞིའི་དཔེ་རིས་)ཡིན།

 དམངས་འཚོའི་ཁྱབ་ཁོངས་ཀྱི་འགན་སྲུང་ནུས་པའི་ཐད་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་གནང་བ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སློབ་ཆེན་སློབ་མ་དབུལ་བོར་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་བོ་2494དང་དེ་བཞིན་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་ཆེན་སློབ་མར་ཁ་གསབ་མ་དངུལ་སྒོར་ཁྲི་810.3སྤྲད་པ་རེད། 2018ལོར་གནས་སྤོས་དབུལ་སྐྱོར་སྡོད་ཁང་འཛུགས་སྐྲུན་གྱི་དུད་ཚང་8270ཡི་མི་གྲངས་33569ཟིན་པ་དང་། དུད་ཚང་7468ཡི་མི་གྲངས་28488སྡོད་ཁང་གསར་བའི་ནང་སྤོས་འོངས་པ་རེད། ལས་ཞུགས་གཞན་བསྒྱུར་ཐད་ངལ་ནུས་མངགས་གཏོང་ཁེ་ལས་28བཙུགས་པ་དང་། གྲོང་ཚོ་(སྡོད་ཁང་)ངལ་ལས་ཀྱི་བར་ཁེ་བ་1193ལ་འཕེལ། མང་ཚོགས་དབུལ་བོ་5347ལ་གསོ་སྦྱོང་བྱས་པ། མི་ཁྲི་1.88ལ་ལས་ཞུགས་གཞན་སྒྱུར་ཐུབ་པ་དེ་དུས་མཚུངས་ལས་112.7%འཕར་ཡོད། གཞན་ཡང་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.13དོན་འཁྱོལ་བྱས་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3500ཡན་ལ་འཕར། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་7482.47དོན་འཁྱོལ་བྱས་པ་དང་། སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་3063.78བཏང་བ། སྨན་བཅོས་རོགས་སྐྱོབ་མི་ཐེངས་ཁྲི་2.09བཅས་བྱས་པ་རེད། དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་གང་ལེགས་བྱེད་པའི་དམིགས་ཡུལ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་བུའི་ཐོག་མང་ཚོགས་དབུལ་བོ་གཅིག་ཀྱང་མི་ལུས་པ་དང་རྗེས་སུ་མི་ལུས་པར་འགན་ལེན་བྱ་རྒྱུ་དེ་རེད། 

 2019ལོར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་དབུལ་བོ་ནང་ཁུལ་གྱི་སྒུལ་ཤུགས་སྐྱེད་པ་དང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་བྱེད་ཐབས་གཙོ་བོར་བརྩིས་ནས་རྣམ་གླིང་རྫོང་དང་། ས་དགའ་རྫོང་། ལྷ་རྩེ་རྫོང་། རྒྱལ་རྩེ་རྫོང་། བཞད་མཐོང་སྨོན་རྫོང་། ས་སྐྱ་བཅས་རྫོང་6གི་དབུལ་སྒྲོལ་བྱས་ཏེ་དབུལ་ཞྭ་ཕུད་པར་འགན་ལེན་བྱས་པ་དང་མི་ཁྲི་3.48དུས་བཀག་ལྟར་དབུལ་སྒྲོལ་བྱས་ནས་རྦད་དེ་དབུལ་བོ་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།