བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་གྱི་རིག་དངོས་80ལྷག་གནའ་བོའི་ཕོ་བྲང་ནས་འགྲེམས་སྟོན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་7པའི་ཚེས་30ཉིན།   “བཀྲ་ཤིས་ཚེ་རིང་སྟེ།  བཀྲ་ཤིས་ལྷུན་པོ་དགོན་པ་གོང་མའི་ཕོ་བྲང་དང་འཕྲད་པ། ”ཞེས་པའི་རིག་དངོས་འགྲེམས་སྟོན་གྱི་གན་རྒྱ་འཇོག་པའི་མཛད་སྒོ་དེ་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་ནས་འཚོགས།  གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས།  བཀྲ་ཤིས་ལྷུན་པོ་དགོན་པ་དང་ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་2019ལོའི་ཟླ་12པའི་ཚེས་1ཉིན་ནས་2020ལོའི་ཟླ་2པའི་ཚེས་29ཉིན་བར་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དུ་ཆེས་ཐོག་མར་པཎ་ཆེན་སྐུ་ཕྲེང་དང་པོ་ནས་སྐུ་ཕྲེང་དགུ་བའི་བར་དང་དེ་མིན་བཀྲ་ཤིས་ལྷུན་པོ་དགོན་པ་གཙོར་གྱུར་པའི་རིག་དངོས་འགྲེམས་སྟོན་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།  འགྲེམས་སྟོན་དངོས་པོ་བསྡོམས་220ལྷག་ཡོད་པ་དང་།  དེའི་ཁྲོད་རིག་དངོས་140ནི་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་གི་ཡིན་ལ། རིག་དངོས་80ནི་བཀྲ་ཤིས་ལྷུན་པོ་དགོན་པའི་རེད།  རིག་དངོས་མང་ཆེ་བ་ནི་སྤྱི་ཚོགས་སྟེང་ཆེས་ཐོག་མར་འགྲེམས་སྟོན་བྱས་པ་རེད།

1.jpg

པར་འདི་ནི་བཀྲ་ཤིས་ལྷུན་པོའི་དགོན་པ་རེད།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཉི་ཟེར་རི་བོའི་འདབས་རོལ་གྱི་བཀྲ་ཤིས་ལྷུན་པོ་དགོན་པ་ནི་སྤྱི་ལོ་1447ལོར་གསར་དུ་བཙུགས་པ་ཡིན་ལ།  ལྷ་སའི་དགོན་ཆེན་གསུམ་སྟེ།  དགའ་ལྡན་དགོན་པ་དང་སེ་ར་དགོན་པ། འབྲས་སྤུངས་དགོན་པ་བཅས་དང་མཚོ་སྔོན་གྱི་སྐུ་འབུམ་དགོན་པ་དང་ཀན་སུའུ་ཡི་བླ་བྲང་བཀྲ་ཤིས་འཁྱིལ་བཅས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་ཅེས་གསོལ་ལ།  རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་གྲས་གཅིག་ཡིན།  བཀྲ་ཤིས་ལྷུན་པོ་དགོན་པ་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན་པ་དང་།  དགོན་པའི་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་ཚོ་70ཟིན་ལ།  འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི30ལྷག་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་འགྲེམས་སྟོན་ནི་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་1925ལོར་གསར་དུ་བཙུགས་པ་ནས་བཟུང་ཆེས་ཐོག་མར་སྤེལ་བའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མ་ལག་རྒྱབ་ལྗོངས་བྱས་པའི་རིག་དངོས་འགྲེམས་སྟོན་དེ་ཡིན།  རིག་དངོས་དེ་དག་གི་ཁྲོད་དུ་ཆེས་ཐོག་མར་ཡོངས་བསྒྲགས་བྱས་པའི་《གོང་མ་ཆན་ལུང་གི་སྐྱེས་རབས་གསོལ་འདེབས》དང་།  བཀྲ་ཤིས་ལྷུན་པོ་དགོན་པའི་ནང་བསྟན་སྐུ་བརྙན་དང་མཛེས་པའི་ཐང་ག  ད་དུང་གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པར་བཟོས་པའི་《འཕགས་ཡུལ་བྲམ་ཟེའི་སྡོང་རིས》དང་ཡོན་རྒྱལ་རབས་ཀྱི་འགྲོ་མགོན་འཕགས་པའི་སོག་ཡིག་གསར་མའི་གསེར་ཡིག་གི་ལྕགས་ཀྱི་བཀའ་བྱང་སོགས་ཡོད།   འགྲེམས་སྟོན་དངོས་པོར་རྩ་ཆེ་བའི་རིག་དངོས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་ཡོད་པར་མ་ཟད།   ད་དུང་འགྲེམས་སྟོན་གྱི་ཁྲོད་དུ་ཀྲུང་ཧྭ་རིག་གནས་ཀྱི་འབྲེལ་ཡོད་བཀྲ་ཤིས་པ་དང་ཡིད་དུ་འོང་བ། ཚེ་རིང་བ་བཅས་ཀྱི་རིག་གནས་ནང་སྙིང་མངོན་ཡོད།

 དེ་ལས་གཞན།  ཐེངས་འདིའི་འགྲེམས་སྟོན་ལ་རམ་འདེགས་བྱེད་ཆེད་དང་བོད་ལྗོངས་ཀྱི་རིག་དངོས་ཐོན་རྫས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པར།  གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དང་འཛུགས་སྐྲུན་དངུལ་ཁང་གིས་བཀྲ་ཤིས་ལྷུན་པོ་དགོན་པ་དང་མཉམ་འབྲེལ་བྱས་ཏེ།  གནའ་བོའི་ཕོ་བྲང་གི་བཀྲ་ཤིས་རི་དྭགས་གཟུགས་བརྙན་གྱི་རྣམ་པས་འབྲེལ་ཡོད་ལྕགས་རིགས་རིག་དངོས་ཐོན་རྫས་མཉམ་འབྲེལ་སྒོས་ཕྱིར་སྤེལ་རྒྱུ་ཡིན་ལ།  དེའི་དམིགས་ཡུལ་ནི་ཀྲུང་ཧྭ་རིག་གནས་ཁྲོད་ཀྱི་བཀྲ་ཤིས་རི་དྭགས་ཀྱིས་བཀྲ་ཤིས་བསུ་བའི་སྨོན་འདུན་བཟང་པོ་འདི་རྒྱ་ཆེའི་མང་ཚོགས་ཀྱི་སྤྱན་ལམ་དུ་བསྟར་ཆེད་ཡིན།

བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་འགན་འཛིན་པས་བསྟན་དོན།  ཐེངས་འདིའི་འགྲེམས་སྟོན་གྱིས་བོད་ལྗོངས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ནང་སྙིང་གཏིང་ཟབ་མོར་འགྲེལ་བརྗོད་གནང་ཡོད་ལ།  མི་རིགས་སོ་སོ་མུ་མཐུད་འགྲོ་འོང་དང་བགྲོ་གླེང་། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་དང་།  རིག་དངོས་ཐོན་ཁུངས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་པའི་ཐད་ལ་ནུས་པ་གང་ལེགས་འདོན་པར་བྱེད་ནུས་བཟང་པོ་ཐོན་ཐུབ་ཅེས་བསྟན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།