བོད་ལྗོངས་ཀྱི་བོད་སྐད་ཡིག་རྩོམ་སྒྱུར་བྱ་གཞག་གིས་གཞི་རིམ་ལ་གཞི་ཚུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ།

ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ནི་འབྲོག་ལས་རྐྱང་པའི་གྲོང་རྡལ་ཞིག་ཡིན་ཞིང་། གྲོང་རྡལ་དེའི་མེ་ལོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་ཚེར་སློབ་ཆུང་གི་ཡོན་ཚད་ལས་མེད་ཀྱང་འབྲོག་པ་ཚོས་སྔ་བར་ཕྱི་གསུམ་དུ་ཁོང་གི་མིག་རྒྱང་དང་ཡོན་ཚད་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

ཚང་མས་རྟག་ཏུ“རྡོ་ཚེ་ནི‘ཐམས་ཅད་མཁྱེན་པ’ཞིག་ཡིན་པས་གོང་རིམ་སྲིད་ཇུས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད”པ་དང་། “མ་གཞི་ཁོང་གྲོང་ཚོའི་ནང་ལས་ཀ་བྱེད་ཀྱི་ཡོད་ཀྱང་ཕྱིའི་འཇིག་རྟེན་གྱི་འགྱུར་ལྡོག་གསལ་པོར་ཤེས་ཀྱི་ཡོད”ཅེས་བརྗོད་ཀྱི་ཡོད། ཁོང་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ་མ་ཟད་ཕྱིའི་འགྱུར་ལྡོག་ཀྱང་ཁོང་དུ་ཆུད་མཁན་ཞིག་ཡིན་པས་གོང་རིམ་གྱི་བླང་བྱ་དོན་འཁྱོལ་བྱེད་སྐབས་ཁོང་གི་ལས་དོན་ནི་མང་ཚོགས་དང་འབྲེལ་འདྲིས་ཟབ་ལ་ཀུན་གྱིས་ཁས་ལེན་ཐུབ་པ་ཞིག་ཡིན།

“མང་ཚོགས་ཀྱིས་ཡིད་ཆེས་ཐོབ་དོན་ནི་གཙོ་བོ་ད་ལྟའི་བོད་ཡིག་ཆ་འཕྲིན་ལྟ་ཀློག་ཉིན་རེ་བཞིན་སྟབས་བདེ་རུ་སོང་བས་རེད། གོང་རིམ་གྱི་སྲིད་ཇུས་དང་ལས་ཀའི་ཡིག་ཆ་ཚང་མར་བོད་ཡིག་གི་པར་གཞི་ཡོད་པ་དེས་གྲོང་ཚོའི་ལས་བྱེད་པའི་ཡོན་ཚད་མཐོ་རུ་འགྲོ་བ་དང་ལས་ཀའི་འཇོན་ཐང་ཆེ་རུ་འགྲོ་བར་སྟབས་བདེ་བསྐྲུན་པ་མ་ཟད། བོད་ཡིག་སྤྱད་ནས་མང་ཚོགས་ཀྱི་ལས་དོན་སྤེལ་བར་ཆ་རྐྱེན་ཡང་བསྐྲུན་ཡོད”ཅེས་རྡོ་ཚེས་རང་ཉིད་ལ་ལྡན་པའི“གཞན་དང་མི་འདྲ་བའི”ཐབས་ཤེས་བརྗོད།

རྒྱ་ཆེའི་གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ་བོད་ཡིག་ནི་སྔར་རྒྱུན་བཞིན་གཞི་རིམ་མང་ཚོགས་ཀྱིས་ཆ་འཕྲིན་བསྡུ་ལེན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་ཞིང་། རྡོ་ཚེ་དང་འདྲ་བའི་བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་ཁོང་དུ་ཆུད་པ་དང་། ཡིག་ཆ་གལ་ཆེན་སློབ་སྦྱོང་། སྐབས་དོན་སྲིད་ཇུས་ཤེས་རྟོགས་བཅས་བྱེད་པར་བོད་སྐད་གཙང་མའི་ཡིག་སྒྱུར་གྱིས་སྐད་བརྡ་མི་འཕྲོད་པའི་གནད་དོན་ཐག་གཅོད་བྱས་པ་དང་། ཆ་འཕྲིན་གྱི“དུས་བསྟུན་འཕེལ་རྒྱས”དེ་ཞིང་འབྲོག་ཁུལ་དུ་དངོས་ཡོད་ཀྱི་གནས་ཚུལ་ཞིག་ལ་གྱུར་བ་མ་ཟད། གཞི་རིམ་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་ཡོད།

གཞི་རིམ་ཞིང་འབྲོག་པས་ཆ་འཕྲིན་གསར་ཤོས་ཤེས་རྟོགས་དང་ཁོང་དུ་ཆུད་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་བོད་སྐད་ཡིག་དང་རྩོམ་སྒྱུར་ལས་དོན་སྡེ་ཚན་དང་། གསར་འགྱུར་ལས་ཁུངས་ཀྱིས་བོད་སྐད་ཡིག་གི་རྩོམ་སྒྱུར་དང་། དོ་དམ། ཚན་ཞིབ། ཚད་ལྡན་བཅས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གལ་ཆེན་དང་། ཡིག་ཆ་གལ་ཆེན། བྱེད་སྒོ་ཆེ་གྲས་བཅས་ཀྱི་ཟིན་བྲིས་སྣ་ཚོགས་ནང་གི་སྐབས་དོན་སྲིད་ཇུས་རིགས་ཀྱི་ཐ་སྙད་གསར་པ་དང་ཆེད་ལས་ཁྱབ་ཁོངས་སྣ་ཚོགས་ཀྱི་ཐ་སྙདའཚོལ་བསྡུ་དང་ཡིག་སྒྱུར་ནན་ཏན་བྱས་ནས་དུས་ཐོག་ཏུ་རྒྱ་ཁྱབ་ངང་ཡོངས་བསྒྲགས་དང་ཁྱབ་གདལ་བེད་སྤྱོད་བཏང་ཡོད། 2018ལོར་བོད་ལྗོངས་ཀྱིས་ལོ་ཧྲིལ་པོར་ཐ་སྙད693ཚད་ལྡན་བཀས་བཅད་བྱས་ཡོད།

ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)ཀྱིས་ད་བར་ཚད་ལྡན་བཀས་བཅད་བྱས་པའི་ཐ་སྙད་གསར་པ་ཁྲི1ལྷག་ཙམ་བསྡུ་རུབ་བྱས་ཏེ《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》དང་ལས་མཁོའི་ཚིག་མཛོད་ཕྱོགས་སྒྲིག་བྱས་ནས་ལྗོངས་ཡོངས་ཀྱི་གཞི་རིམ་ཚན་པ་ཁག་ལ་འགྲེམས་སྤེལ་བྱས་ཡོད། རྒྱལ་ཡོངས་བོད་སྐད་ཡིག་ཐ་སྙད་གཅིག་གྱུར་ཨུ་ལྷན་ལ་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་ལྗོངས་ཀྱིས་བཀས་བཅད་བྱས་པའི་བོད་ཡིག་གི་ཐ་སྙད་གསར་པ་གོང་ཞུ་བྱས་པ་དང་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་ཐ་སྙད་ཚད་ལྡན་ཨུ་ལྷན་གྱིས་ཐ་སྙད་གསར་པ1500བཀས་བཅད་བྱས་ཡོད། རྒྱལ་ཡོངས་ཀྱི་ཚན་རྩལ་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་བཀྲམ་པའི་ཚན་རྩལ་ཐ་སྙད་ཁྲི10.3ཡིག་སྒྱུར་གྱི་ཐོག་མའི་ཞུ་དག་དང་བསྡུ་སྒྲིལ་ལས་དོན་ལེགས་གྲུབ་ཟིན་ཡོད། གཅིག་གྱུར་དང་། ཡང་དག དབང་གྲགས་བཅས་ཀྱི་བོད་ཡིག་ཐ་སྙད་གསར་པས་གཞི་རིམ་མང་ཚོགས་ཀྱི་ཆ་འཕྲིན་བསྡུ་ལེན་བྱེད་པའི་ཐབས་ལམ་ཤར་གཏོང་ཐུབ་ནས་གསར་དུ་ཐོན་པའི་ཐ་སྙད་མང་ཆེ་བ་བོད་ཡིག་ཏུ་བཀས་བཅད་བྱས་ཡོད།

དེ་དང་ཆབས་ཅིག བོད་ལྗོངས་ཀྱི་བོད་ཡིག་སྨྱན་སྦྱོར་ཁག་ཀུན་འདུས་སྨྱན་སྦྱོར་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས“བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར”དང“སེམས་ཀྱི་ཞིང་ཁམས”སོགས་སྐད་འཕྲིན་སྤྱི་རྟགས་ལས་སྟེགས་ཀྱིས་བཏོན་པའི་བོད་ཡིག་གི་སྐབས་དོན་གསར་འགྱུར་དང་། འཚོ་བའི་ཞབས་ཞུ། རིག་གནས་ཤེས་བྱའི་རིགས་ཀྱི་ནང་དོན་བཅས་གཞི་རིམ་མང་ཚོགས་ཀྱི་མཐོང་རྒྱ་ཡངས་སུ་འགྲོ་བའི་ཐབས་ལམ་གསར་པར་གྱུར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།