འཛམ་གླིང་ཡང་རྩེར་ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད།

—— ཇོ་རི་ལས་འགྱུར་ལྡོག་བྱུང་བའི་གཞོན་ནུ་ཚོ།   

བརྗིད་ཉམས་ལྡན་པའི་ཇོ་རི་མཚོ་བོད་ས་མཐོར་འགྱིང་ངེར་གནས་ཤིང་། མི་དེ་བས་མང་བས་ཇོ་རི་འཛེག་རྒྱུའི་ཡིད་དབང་བཀུག ཇོ་རིའི་འདབས་སུ་འཚོ་སྡོད་བྱེད་མཁན་གཞོན་ནུ་ཚོས་ཇོ་རི་ལས་སྟེགས་སུ་བྱས་ཏེ་རང་ཉིད་ཀྱི་ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད་བཞིན་མཆིས། རི་རྩེའི་ཐོན་ལས་ཀྱི་འཕེལ་རྒྱས་གསར་པས་རི་འདབས་ཀྱི་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།

བསོད་ནམས་ཚེ་རིང་། རི་འཛེག་གི་སྣེ་ཤན་པར་གྱུར་ནས་བྱིས་དུས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ།

འདི་ལོ་ལོ་25ལ་སླེབས་པའི་བོད་རིགས་གཞོན་ནུ་བསོད་ནམས་ཚེ་རིང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་འཛོམས་ཤང་ནས་ཡིན། ཤང་དེ་ཇོ་རི་དང་བར་ཐག་ཉེ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་ཡིན། བསོད་ནམས་ཚེ་རིང་ནི་ཇོ་རིའི་འདབས་སུ་འཚར་ལོངས་བྱུང་བ་ཞིག་རེད།

“དམའ་རིམ་སློབ་འབྲིང་ནས་བཟུང་ང་རང་ལ་རི་འཛེག་གི་ཕུགས་འདུན་ཞིག་ཡོད། ཆུང་བྱིས་པའི་དུས་ལོ་ལྟར་ཕྱི་རྒྱལ་གྱི་རི་འཛེག་མཁན་གྱིས་ཤང་དུ་ཕར་འགྲོ་ཚུར་འོང་བྱས་པ་མཐོང་སྐབས་ང་རང་ཡང་རི་འཛེག་རྒྱུའི་ཡིད་དབང་བཀུག་བྱུང་། 2008ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཛམ་གླིང་ཡང་རྩེར་སྤར། དཔལ་འབར་བརྒྱུད་སྤྲོད་ཀྱི་དཔུང་ཁག་ཤང་ནས་བསྐྱོད་པ་མཐོང་སྐབས་ངའི་ཇོ་རི་འཛེག་རྒྱུའི་འདུན་པ་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བཤད།

2010ལོར་བོད་ལྗོངས་རི་འཛེག་སློབ་གྲྭས་བཀྲ་ཤིས་འཛོམས་ཤང་དུ་སློབ་མ་བསྡུ་བར་ཡོང་སྐབས་བསོད་ནམས་ཚེ་རིང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་མིང་ཐོ་བཀོད་པ་མ་ཟད། བདེ་བླག་ངང་རྒྱུགས་འཕྲོད།

ཕ་ཡུལ་ནས་བྲལ་ཏེ་རི་འཛེག་སྦྱོང་བརྡར་ལ་ཞུགས་པ་མ་ཟད། སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་སྐབས་བསོད་ནམས་ཚེ་རིང་གི་ལས་དབང་ལ་འགྱུར་ལྡོག་ཕྱིན། 2016ལོར་ལམ་བཟོ་རུ་མི་ཞིག་ཡིན་པའི་བསོད་ནམས་ཚེ་རིང་གིས་ཐོག་མར་ཇོ་རིར་འཛེགས་པ་དང་རི་རྩེ་ནས་ཕ་ཡུལ་ལ་ལྟ་སྐབས་དངོས་འབྲེལ་མཛེས་སྡུག་ལྡན་པ་ཞིག་སྣང་།

“སྐབས་དེ་དུས་མི་ཚེའི་གདམ་ག་མང་པོ་ཡོད་རུང་རང་ཉིད་ཀྱི་ད་ལྟའི་གདམ་ག་དེར་ཧ་ཅང་དགའ་པོ་འདུག་ལ་བློ་ཡིད་ཀྱང་ཚིམས་པོ་འདུག ཇོ་རི་འཛེགས་པ་དེས་རང་ཉིད་ལོ་ན་གཅིག་པའི་གཞོན་ནུ་ལས་མིག་རྒྱང་རིང་བ་མ་ཟད། ངའི་གཤིས་ཀར་ཡང་འགྱུར་ལྡོག་བྱུང་ནས་ཁ་སང་དུ་ཕྱིན་ཏེ་གྲོགས་པོ་མང་པོ་སྒྲིག་ཐུབ་པ་བྱུང་། འབྱུང་འགྱུར་རི་འཛེག་གི་ལས་སྟེགས་དེ་བརྒྱུད་རི་འདབས་ཀྱི་ལམ་དེ་བས་རྒྱ་ཆེར་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

ཡེ་སྐལ། ཡུལ་སྐོར་ཚོང་ལས་ཀྱིས་མི་ཚེའི་ལས་དབང་འགྱུར་བ།

བསོད་ནམས་ཚེ་རིང་དང་འདྲ་བར་འདི་ལོ་ལོ་33ལ་སླེབས་པའི་བོད་རིགས་གཞོན་ནུ་ཡེ་སྐལ་ནི་ཇོ་རིར་འཛེག་མཁན་དང་ཡུལ་སྐོར་བ་དང་མཉམ་དུ་འཚར་ལོངས་བྱུང་བ་ཞིག་རེད། ནར་སོན་རྗེས་ཁོང་ཚོ་ཚང་མ་རང་ཉིད་ཀྱི་སྐུ་མགྲོན་དུ་གྱུར།

“ཆུང་དུས་ཁྱིམ་གྱི་ཆ་རྐྱེན་ཞན་པས་སློབ་ཆུང་ཐོན་རྗེས་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མཁོ་བར་བརྟེན་རང་ཉིད་མུ་མཐུད་སློབ་གྲྭར་བསྐྱོད་ཐབས་བྲལ། སྐབས་དེ་དུས་ངའི་བསམ་པར་རང་ཉིད་ཀྱི་མི་ཚེ་ཁྱིམ་གྱི་འབྲི་གཡག་དང་ས་ཞིང་དང་མཉམ་དུ་འགྲོགས་རྒྱུ་རེད་སྙམ་བྱུང”ཞེས་ཡེ་སྐལ་གྱིས་བཤད།

2005ལོར་ཡེ་སྐལ་གྱིས་ཕ་ཡུལ་གཅིག་པས་བཙུགས་པའི་ཇོ་རིའི་རི་འཛེག་སྒར་ས་ཆེ་མོའི་ཉེ་འགྲམ་གྱི་ཡུལ་སྐོར་གུར་ནང་ཚོང་བྲིན་ཁ་རྒྱུག་པོ་ཡོད་པ་མཐོང་སྐབས་ཁོང་གིས་ཀྱང་ཡུལ་སྐོར་ཚོང་རྒྱག་རྒྱུའི་ཚོད་ལྟ་བྱས་ནས་ད་བར་ལོ་14ཕྱིན།

“གུར་དེས་ངའི་མི་ཚེའི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་སོང་། ན་ནིང་གུར་ལ་ཡོང་འབབ་སྒོར་ཁྲི་10ལྷག་བྱུང”ཞེས་ཡེ་སྐལ་གྱིས་བཤད། ཡེ་སྐལ་གྱིས་ཆུང་དུས་བསྐྱལ་བའི་འཚོ་བ་སྐྱོ་པོ་དེ་དག་ཁོང་གི་ཕྲུ་གུའི་ངོས་ནས་བརྗོད་ན་བསམ་ཡང་མི་ཕོད་པ་ཞིག་རེད།

གུར་ནང་ཡོང་མཁན་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བ་ཡིན་པས་ཡེ་སྐལ་རང་ཉིད་ཀྱི་མིག་རྒྱང་ཡང་རིང་དུ་སོང་ཡོད། སློབ་ཆུང་ཐོན་རྗེས་ཁོང་གིས་སྤྱིར་བཏང་གི་སྟབས་བདེའི་རྒྱ་སྐད་ཀྱང་རྒྱག་ཤེས་ཀྱི་མེད། ཡིན་ནའང་ཕྱིས་སུ་ཁོང་གིས་དབྱིན་ཡིག་རང་སྦྱོང་བྱས་པས་ད་ཆ་བོད་རྒྱ་དབྱིན་གསུམ་ལ་བྱང་ཆུབ་པ་ཞིག་ཡོད།

རང་ཁྱིམ་གྱི་ཚོང་ཕུད། ཡེ་སྐལ་གྱིས་ད་ཆ་ཁོར་ཡུག་སྲུང་སྐྱོང་ལ་སྔར་བས་སྣང་ཆེན་བྱེད་ཀྱི་ཡོད། 2005ལོ་ནས་ད་བར་ཁོང་ཁྱིམ་གྱི་གུར་གྱི་ཚོང་ཁང་དེ་ཇོ་རིའི་འདབས་ནས་ཐེངས་གཉིས་སྤོས། ཉེ་དུས་ཡུལ་སྐོར་བྱེད་སྒོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་ནས་སྤོ་དགོས་སྐབས་ཁོང་གིས་དེའི་ཐད་རྦད་དེ་རྒྱབ་སྐྱོར་བྱས།

“ཇོ་རི་ནི་ངའི་སེམས་ནང་གི‘བླ་རི’ལྟ་བུ་ཡིན། གལ་སྲིད་ཇོ་རི་མེད་ཚེ་ང་ཚོ་ཇི་ལྟར་བྱེད་དགོས་སམ”ཞེས་ཡེ་སྐལ་གྱིས་བཤད། སྒར་སའི་གད་སྙིགས་དོ་དམ་ཡང་ཉིན་བཞིན་ཚད་ལྡན་དུ་སོང་ནས་དེ་སྔོན་གུར་ཚང་མའི་སྦྱིན་བདག་གིས་རང་ཉིད་ཀྱི་གུར་ནང་གི་གད་སྙིགས་གཙང་སེལ་བྱེད་དགོས་ཀྱི་ཡོད། འདི་ལོ་ཤང་གིས་བཀོད་སྒྲིག་བྱས་པའི་ཆེད་མིས་གཅིག་གྱུར་བསྡུ་རུབ་བྱེད་ཀྱི་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།