གཞིས་རྩེས་བདེ་ཐང་དབུལ་སྐྱོར་གྱི“1+4”ཡི་འདུ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོ་ཚུན་གཞིས་རྩེ་གྲོང་ཁྱེར་གྱིས་བདེ་ཐང་དབུལ་སྐྱོར་གྱི“1+4”ཡི་འདུ་འགོད(ཡིག་ཚགས་དང་གཱ་བཟོས་པའི་མི་ཚོགས་ལ་ལོ་ལྟར་སྔོན་ལ་གཟུགས་པོ་བརྟག་དཔྱད་ཐེངས་རེ་བྱེད་པ་དང་། ནད་ཆེན་ཁག་གཅིག་གཅིག་སྡུད་སྐྱོབ་བཅོས་བྱེད་པ། གཅོང་ནད་ཁག་གཅིག་གན་འཇོག་དོ་དམ་བྱེད་པ། ནད་གཞི་ལྕི་པོ་ཁག་གཅིག་ཐ་སྐྱོང་འགན་ལེན་བྱེད་པ། ནད་གཞི་ཁག་གཅིག་སྨན་བཅོས་ཐུབ་སྟེ་སྨན་ཁང་ནས་དོན་པ)ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག”བཀག་འགོག་ནུས་ལྡན་ཐུབ་ཡོད། བདེ་ཐང་དབུལ་སྐྱོར་ལས་དོན་སྤེལ་ཚུན་གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་གྱི་སྨན་བཅོས་ཐ་སྐྱོང་འགན་ལེན་མ་དངུལ་སྒོར་ཁྲི1226.97ཟིན་པ་དང་ནད་སྡོད་ཀྱི་མི་རེའི་ཆ་སྙོམས་སྨན་ཡོན་རང་གྲོན2%ལས་གཏོང་དགོས་ཀྱི་མེད།

 གཅིག་སྡུད་རོགས་སྐྱོབ་བྱས་ནས“ནད་གཞི་ཡག་པོ་ལྟ་རྒྱུར”བྱ་ཐབས་དངོས་བཏོན་ཞིང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་དང་། དེ་བཞིན་ལྗོངས་ཕྱིའི་སྨན་བཅོས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དབུལ་སྐྱོར་བྱ་ཡུལ་ནད་པར་ཚན་རིག་དང་མཐུན་པའི་སྨན་བཅོས་རོགས་སྐྱོབ་བྱས་ཡོད། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རིམ་ཁག་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་འཇོན་ཐང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འཇོན་ཐང་ཆེ་རུ་བཏང་ཡོད། 2018ལོར་གཞིས་རྩེ་གྲོང་ཁྱེར་དུ་བདེ་ཐང་དབུལ་སྐྱོར་བྱ་ཡུལ་ནད་པ811ཡོད་པ་ལས་མིག་སྔར་ནད་པ770སྨན་བཅོས་ཐུབ་པ་དང་སྨན་བཅོས་ཐུབ་ཚད94.9%ཟིན་ཡོད། ཐུམ་འབུའི་ནད་པ1263ལ་གཤག་བཅོས་བྱས་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་མཁན199དང་སྐྱ་གྲིབ་ཕོག་མཁན3006ལ་སྨན་རིན་མི་དགོས་པར་གཤག་བཅོས་བྱས་ཡོད།

སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས“ནད་བསྟེན་ཐུབ་པའི”ཐད་ལས་དོན་སྤེལ་ཞིང་། 《ཞིང་འབྲོག་པའི་ནད་གཞི་ཚབས་ཆེན་དང་དམིགས་བསལ་སྒོ་བསྟེན་སྨན་བཅོས་ཀྱི་ནད་རིགས་དཀར་ཆག་ཁ་གསལ་བཟོ་རྒྱུའི་སྐོར་གྱི་བརྡ་ཐོ》བཟོས་ནས“22+1”གི་ནད་གཞི་ལྕི་རིགས(1དེ་གསར་དུ་བསྣན་པའི་ཐུམ་འབུའི་ནད་ཡིན་པ)ཀྱི་སྨན་ཁང་དུ་བསྡད་པའི་སྨན་ཡོན་རྩིས་ཞུའི་བསྡུར་གྲངས་དེ་སྔའི་བསྡུར་གྲངས་ལས10%མཐོ་རུ་གཏོང་རྒྱུ་དང“20+1”རིགས་ཀྱི་དམིགས་བསལ་སྒོ་བསྟེན་སྨན་བཅོས་ཀྱི་ནད་གཞིའི་སྨན་ཡོན་དེ་སྒོ་བསྟེན་སྨན་བཅོས་ཀྱི་སྤྱི་འདོམས་ཐེབས་རྩའི་ཁྲོད་ནས75%སྨན་ཡོན་རྩིས་ཞུ་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཡོད། ལྷག་དོན་དུ་ཞིང་འབྲོག་པ་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙའ་བ་དང་། ཕྲུ་གུ་དམར་འབྱར་མྱུར་སྐྱོབ། སྐྱ་གྲིབ་ཕོག་མཁན་བསྐྱར་མཐོང་གཤག་བཅོས། གྲུམ་བུ་ཚིགས་ཆེན་ནད་ཀྱི་སྨན་ཁང་དུ་བསྡད་པའི་སྨན་ཡོན་བཅས་གྲངས་ཚང་རྩིས་ཞུ་བྱས་ཡོད། སྤྱི་ཚོགས་ཀྱི་གཅེས་སེམས་མཚོན་པའི་ཁེ་ལས་ཀྱི་རོགས་སྐྱོབ་བརྒྱུད། བྱིས་པའི་ལྷན་སྐྱེས་སྙིང་ནད་ཕོག་མཁན་ལ་སྨན་ཡོན་མི་དགོས་པའི་སྨན་བཅོས་བྱས་པས“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག”བཀག་འགོག་ནུས་ལྡན་ཐུབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།