ནག་ཆུ་གྲོང་ཁྱེར་གྱི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་བློ་གཅིག་སེམས་གཅིག་གིས་དམངས་དོན་སྒྲུབ་པ་དང་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་ཏེ་དམངས་སེམས་གཅིག་ཏུ་བསྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་གྲོང་ཁྱེར་གྱི་གྲོང་ཚོ(གྲོང་ལྷན)ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་སླེབས་ཚུན་མཉམ་ལས་ཁང་ནས་ཡོང་འབབ་བགོ་བ་དང་། ཟུར་ཁྲིད་འཛིན་གྲྭ་འཚོགས་པ། གཅེས་སེམས་ཞལ་འདེབས་རྒྱག་པ་སོགས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་དམངས་དོན་སྒྲུབ་པ་དང་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་ཏེ་དམངས་སེམས་གཅིག་ཏུ་བསྒྲིལ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་པ་རེད།

ལྷ་རི་རྫོང་ལྷས་ཡར་ཆག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(ལྷ་རི་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་རྫོང་ཁྲིམས་འཛིན་ཅུས་ཀྱིས་མངགས)གིས་གྲོང་ཚོ་དེ་ཡོངས་ཀྱི་སློབ་མ20བསྐོངས་ནས་ཉིན་ལྟར་སློབ་མར་བོད་ཡིག་དང་། རྒྱ་ཡིག ཨང་རྩིས་སོགས་ཟུར་ཁྲིད་ཆུ་ཚོད་གཉིས་བྱས་པ་རེད། སློབ་མར་ཟུར་ཁྲིད་སྔར་བས་གང་ལེགས་ཐུབ་ཆེད་གྲོང་སྡོད་ལས་བྱེད་པས་ཆེད་མངགས་ཡིག་སྤྲིངས་སློབ་ཆེན་སློབ་མ་གདན་དྲངས་ཏེ་འོས་འགན་སློབ་ཁྲིད་བྱས་པ་རེད།

འབྲི་རུ་རྫོང་རྒྱལ་མདོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་མངགས)གིས་གཅེས་སེམས་དངོས་ཟོག་སྤྲོད་པའི་མཛད་སྒོ་གཉེར་ནས་ཁྱོན་སྒོར་ཁྲི3.98རི་བའི་བྱ་སྤུའི་གྱོན་ཆས100སྤྲད་པ་རེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དགུན་ཨ་ཧྲང་ད་ཧྲང་ལ་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བར་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་པ་རེད།

ཤན་རྩ་རྫོང་གངས་བཟང་མདོ་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག(རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མངགས)གིས་བཅའ་སྡོད་གྲོང་ཚོར“གངས་བཟང་མདོའི་སློབ་ཚན་ཆུང་གྲས”གཉེར་བ་དེར་སློབ་ཆུང་གི་ཤུགས་སྣོན་འཛིན་གྲྭ་དང་། དམའ་འབྲིང་གི་ཚད་བརྒལ་འཛིན་གྲྭ། དར་མའི་མཐོར་འདེགས་འཛིན་གྲྭ་བཅས་རིམ་པ་གསུམ་ཡོད་ཅིང་། གྲོང་སྡོད་ལས་དོན་རུ་ཁག་གིས་རེས་གཟའ་ཟླ་བ་ནས་པ་སངས་བར་སློབ་མ་ཚོར་ཤེས་བྱ་དང་སློབ་སྦྱོང་བྱེད་སྟངས་སློབ་པ་དང་། རེས་གཟའ་སྤེན་པ་དང་ཉི་མར་ཕྱི་རོལ་གྱི་བྱང་ཚད་རྒྱ་སྐྱེད་རྣམ་གྲངས་བཀོད་སྒྲིག་བྱེད་ཀྱི་ཡོད་པ་རེད།

མཚོ་གཉིས་རྫོང་སྨ་འུས་རོང་སྣ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(མཚོ་གཉིས་རྫོང་དཀར་མཚོ་ཤང་སྲིད་གཞུང་གིས་མངགས)གིས2018ལོའི་མཉམ་ལས་ཁང་གི་ཡོང་འབབ་བགོ་བའི་མཛད་སྒོ་གཉེར་ནས2018ལོའི་ཡོང་འབབ་བགོ་བཤའི་དངུལ་སྨར་གྱི་སྤྱི་འབོར་དང་། ནོར་ལུག་གི་ཤའི་རྒྱ་མ་བསྡོམས་འབོར། མར་གྱི་རྒྱ་མ་བསྡོམས་འབོར། ཕྱུར་བའི་རྒྱ་མ་བསྡོམས་འབོར་སོགས་ཀྱི་ཡོང་འབབ་བགོ་བཤའི་གནས་ཚུལ་སྤྱི་བསྒྲགས་བྱས་ཤིང་། ད་རེས་ཀྱི་དངུལ་སྨར་བགོ་བཤའི་ནང་མཉམ་ལས་རྩ་འཛུགས་ཀྱི་ཡོང་འབབ་དང་ཀུང་སིའི་ཡོང་འབབ་ཚུད་པ་དང་། དངུལ་སྨར་བགོས་པ་བསྡོམས་སྒོར་ཁྲི300ལྷག་དང་ཀུང་སི་ནས་ཡོང་འབབ་བགོས་པའི་དངུལ་སྨར་སྒོར་ཁྲི46.9ཟིན་ཡོད། གཞན་ཡང་། ནོར་ལུག་གི་ཤ་བསྡོམས་རྒྱ་མ44370དང་། མར་རྒྱ་མ7873 ཕྱུར་བ་རྒྱ་མ7040ཟིན་ཡོད། དེའི་ནང་དངུལ་སྨར་བགོ་བཤའ་མང་ཤོས་ཀྱི་གྲོང་མི་པད་མའི་ཁྱིམ་ལ་མཉམ་ལས་རྩ་འཛུགས་ཀྱི་དངུལ་སྨར་ཡོང་འབབ་ཁེ་གཙང་སྒོར་ཁྲི12ལྷག་ཙམ་དང་། ཀུང་སི་ནས་ཡོང་འབབ་བགོས་པའི་དངུལ་སྨར་སྒོར་ཁྲི2ལྷག་ཙམ་བསྡོམས་པས་དངུལ་སྨར་ཡོང་འབབ་སྒོར་ཁྲི14.7ལྷག་ཙམ་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།