སློབ་ཡོན་སྤྲོད་མི་དགོས་པའི་འོས་འགན་སློབ་གསོར་བརྟེན་ནས་སློབ་ཆེན་དུ་རྒྱུགས་འཕྲོད་པ།

“ན་ནིང་ངར་བོད་ལྗོངས་སློབ་ཆེན་དུ་ཚུད་པའི་བརྡ་ཐོ་འབྱོར་སྐབས་ངའི་སྤོ་བོ་ལགས་དགའ་ཚོར་གྱིས་ཁེངས་ནས་རེ་ཞིག་ཡིད་མི་ཆེས་པར་གྱུར”ཞེས་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི2018ལོའི་སློབ་མ་ཚེ་རིང་གིས་བརྗོད་བྱུང་། ཚེ་རིང་ནི་འཛིན་གྲྭའི་ནང་གི་ལོང་བ་གཅིག་པུ་དེ་རེད། ཁོང་གིས་སློབ་གྲྭའི་ལྡུམ་རའི་ནང་གསར་འགོད་པར་སྔོན་མའི་གནས་ཚུལ་རྣམས་བརྗོད་བྱུང་།

ལོ22ལ་སླེབས་པའི་ཚེ་རིང་བོད་ལྗོངས་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་ལྕམ་མོ་གྲོང་ཚོ་ནས་ཡིན་ཞིང་། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཁོང་གི་སྤོ་བོ་ལགས་དང་རྨོ་བོ་ལགས་ནི་གཞིས་ཀའི་ཞིང་བྲན་ཡིན་པས་རིག་གནས་སྦྱོང་མྱོང་མེད། ཚེ་རིང་ལོ་3ལ་སླེབས་སྐབས་བསམ་ཡུལ་ལས་འདས་པའི་རྐྱེན་ཞིག་ལས་ལོང་བར་གྱུར་པས་སྤོ་བོ་ལགས་ཀྱིས་རྟག་ཏུ་ཚ་བོའི་མདུན་ལམ་ལ་སེམས་ཁྲལ་བྱེད་ཀྱི་ཡོད།

བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་ལོ15ཡི་སློབ་ཡོན་སྤྲོད་མི་དགོས་པའི་འོས་འགན་སློབ་གསོ་ལག་ལེན་བསྟར་བས་སློབ་ལོ་ལོན་པའི་བྱིས་པ་གཅིག་ཀྱང་ལུས་མེད། “ངའི་ཁྱིམ་ཚང་ལུང་ཁུག་གྲོང་གསེབ་ཏུ་ཡོད། བོད་དུ་འོས་འགན་སློབ་གསོའི‘འགན་ལེན་གསུམ’གྱི་སྲིད་ཇུས་ལག་ལེན་བསྟར་ནས་ང་རང་གཞིས་རྩེ་གྲོང་ཁྱེར་དུ་བུ་བཅོལ་ཁང་ནས་མཐོ་འབྲིང་བར་གྱི་སློབ་སྦྱོང་ལེགས་སྒྲུབ་བྱེད་ཐུབ་པ་མ་ཟད། ད་དུང་སློབ་ཆེན་དུ་རྒྱུགས་འཕྲོད་བྱུང་། ད་ལྟ་སློབ་ཆེན་འགྲིམ་པའི་སྐབས་སུའང་སློབ་སྦྱོང་དང་འཚོ་བའི་ཐད་རྒྱལ་ཁབ་ཀྱིས་འོས་འཚམ་གྱི་རོགས་དངུལ་གནང་གི་འདུག”ཅེས་བརྗོད་བྱུང་།

ཚེ་རིང་གིས་བརྗོད་པའི“འགན་ལེན་གསུམ”ནི་བོད་ཀྱིས་ཞིང་འབྲོག་པའི་བུ་ཕྲུག་ལ་ཆེད་མངགས་དམིགས་ནས་བཟོས་པའི་འོས་འགན་སློབ་གསོའི་སྲིད་ཇུས་ཤིག་རེད། ཞིང་འབྲོག་ཁུལ་གྱི་ཕྲུ་གུ་སློབ་གྲྭར་སྐྱོད་རིང་རྒྱལ་ཁབ་ཀྱིས་ཁོང་ཚོ་སློབ་གྲྭར་སྐྱོད་རིང་གི་ཟ་སྡོད་སློབ་གསུམ་གྱི་འགྲོ་གྲོན་གྱི་འགན་ཁུར་གྱི་ཡོད། སྲིད་ཇུས་ཡག་པོ་དེས་མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆུང་དུ་སློབ་ཞུགས་བྱེད་ཚད99.5%དང་། དམའ་འབྲིང་དུ་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད99.51% མཐོ་འབྲིང་དུ་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད82.25% མཐོ་རིམ་སློབ་གསོར་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད39.18%བཅས་ཟིན་ཡོད།

ལོ་60ཡི་གོང་རྒྱ་ཆེའི་ཞིང་བྲན་དང་ཁོང་ཚོའི་བུ་ཕྲུག་གི་སློབ་གསོ་ཐོབ་པའི་དབང་ཆ་འཕྲོག་ཡོད། ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ལ་དེང་རབས་ཀྱི་སློབ་གསོ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས1951ལོར་བོད་ཀྱི་སློབ་ཆུང་དང་པོ་ཆབ་མདོ་སློབ་ཆུང་དངོས་སུ་སློབ་འགོ་ཚུགས་པ་དང་། 1956ལོར་བོད་ཀྱི་སློབ་འབྲིང་དང་པོ་ལྷ་ས་སློབ་འབྲིང་བསྐྲུན་འགོ་ཚུགས་པ། 1958ལོར་བོད་ཀྱི་མཐོ་རིམ་སློབ་གྲྭ་དང་པོ་བོད་ལྗོངས་སྤྱི་པའི་སློབ་གྲྭ་དངོས་སུ་སློབ་འགོ་ཚུགས་པ། 1985ལོར་བོད་ལྗོངས་སློབ་ཆེན་དངོས་སུ་བཙུགས་ཡོད། ད་ཆ་བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་ཀྱི་སློབ་གསོའི་མ་ལག་ཅིག་བསྐྲུན་ཟིན་ནས་རྒྱལ་ཡོངས་སུ་སློབ་ཞུགས་གོང་ནས་མཐོ་འབྲིང་དུས་མཚམས་བར་གྱི་ལོ15ཡི་སློབ་ཡོན་སྤྲོད་མི་དགོས་པའི་སློབ་གསོ་ཐོག་མར་མངོན་འགྱུར་ཐུབ་ཡོད།

“རྒྱལ་ཁབ་ཀྱིས་ལོ་ལྟར་མ་དངུལ་འབོར་ཆེན་བཏང་ནས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བ་མ་ཟད། ད་དུང་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་དང་ནང་སའི་བོད་ལྗོངས་འཛིན་གྲྭའི་སྲིད་ཇུས་སོགས་བཏོན་ཡོད། ད་ཆ་བོད་ཀྱི་རྫོང་གྲོང་དང་། ཤང་གྲོང་། གྲོང་ཚོ་བཅས་གང་དུ་བསྐྱོད་ཀྱང་དེ་གར་བཀྲག་མདངས་འཚེར་ཤོས་ཀྱི་སྐྲུན་དངོས་ནི་སློབ་གྲྭ་རེད”ཅེས་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་མཐོ་རིམ་དགེ་རྒན་བཀྲ་ཤིས་ཀྱིས་གསར་འགོད་པར་དེ་ལྟར་བརྗོད་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།