ལོ་དྲུག་ཅུའི་འཕོ་འགྱུར་ཆེན་པོར་ང་ཚོས་ཐོག་མཐའ་བར་གསུམ་དུ་དཔང་པོ་བྱེད་བཞིན་ཡོད།

    ——རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རང་ལྗོངས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་གྲོས་བསྡུར་འཁྲུག་པོ་གནང་བ།

1959ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་གཏོང་རྒྱུའི་གཏན་འབེབས་གནང་ཡོད། ལོ་དྲུག་ཅུའི་གོང་གི་ཚ་ཚ་འུར་འུར་གྱི་དམངས་གཙོའི་བཅོས་སྒྱུར་ལས་བོད་དེང་རབས་ཤེས་དཔལ་གྱི་སྤྱི་ཚོགས་སུ་བསྐྱོད་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་བདག་པོར་གྱུར་པ། མི་རིགས་ཁག་གི་མང་ཚོགས་ལ་འདྲ་མཉམ་གྱི་སྤྱི་ཚོགས་གནས་བབ་ཐོབ་པ་མ་ཟད། བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་དབང་ཆའང་རག་པ་བཅས་མཚོན་གྱི་ཡོད།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ལས་ལ་བརྩོན་པ་དང་། དཔའ་ངར་ཆེ་བ། བློ་གྲོས་ལྡན་པ་བཅས་ལས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། སྤྱི་ཚོགས་བྱ་གཞག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ། མང་ཚོགས་ཀྱི་བདེ་སྐྱིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་མི་དམངས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། ཞི་མཐུན་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

2018ལོར་བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1400ལས་བརྒལ་ཏེ10%ཡས་མས་འཕར་ཡོད།

2018ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ13%ཡས་མས་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ10%ཡན་འཕར་ཡོད།

2018ལོར་བོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད2.83%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་ལས་ཤོར་ཐོ་འགོད་བྱེད་ཚད4.6%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི5.4འཕར་ཡོད།

གྲངས་གཞི་ལས་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་དཔང་པོ་བྱས་པ་དང་། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དེ་ནི་ལས་དབང་ལ་འགྱུར་ལྡོག་གཏོང་འདོད་བྱེད་པའི་བོད་ཀྱི་མི་དམངས་ཀྱི་འདུན་པ་དང་ཡོངས་སུ་མཐུན་པ་ཞིག་རེད།

ལོ60ཡི་རིང་སྐབས་རིམ་བྱུང་གི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་དང་། རྒྱལ་ཡོངས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་བྱས་པས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་དང་གཉིས་སུ་མེད་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཏུ་གྱུར་ནས་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པའི་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དང་གངས་ལྗོངས་ས་མཐོའི་དེང་རབས་ཞབས་ཞུ་དང་ཚོང་དོན་ཟོག་འགྲེམས་གཅིག་སྡུད་ཁུལ་དུ་གྱུར་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་སྒོར་སྒོར་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ས་གནས་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། ཏང་ཀྲུང་དབྱང་དང་ཏང་ཡོངས་ཁྲོད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ། མི་དམངས་མང་ཚོགས་དང་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་ལག་ལེན་ནན་ཏན་བསྟར་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་ཁྲིད་སྟོན་བྱས་ནས་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་དུས་རབས་ཀྱི་རྒྱུགས་ལན་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་དམངས་གཙོའི་བཅོས་སྒྱུར་མེད་ན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཡོང་མི་སྲིད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའང་ཡོང་མི་སྲིད་པ་ལོ་རྒྱུས་ཀྱི་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་སྦྲགས་བོད་ཀྱི་ས་ཆ་ཁག་ལ་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ཡུལ་སྨད་ཤང་དུའང་དེ་ལྟར་རེད། ལོ60ཡི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དེ་སྔོན་དུད་ཚང3དང་མི18ལས་མེད་པའི་ཡུལ་སྨད་ཤང་དུ་མི་འབོར་ལོ་རེ་བཞིན་མང་དུ་ཕྱིན་པ་དང་། 2017ལོར་སླེབས་སྐབས་དུད་ཚང9དང་མི32བར་མང་དུ་སོང་ཡོད། 1994ལོར་ཡུལ་སྨད་ཤང་གི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར700ལྷག་ཙམ་ཟིན་པ་དང2018ལོར་སླེབས་སྐབས་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི6ལྷག་ཙམ་ཟིན་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་སྒྲོལ་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་འཕྲིན་ལན་སྤྲིངས་གནང་ཚུན་ཡུལ་སྨད་ཤང་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་ཡོད། ད་ཆ་ཡུལ་སྨད་ཤང་གི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་བྱུང་བ་དང་། སྨན་བཅོས་འཕྲོད་བསྟེན་ཁྱོན་ཡོངས་ལ་ཁྱབ་པ། ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ཀྱི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ། ཕྱོགས་བསྡུས་རིག་གནས་ས་ཚིགས་སྤྱོད་འགོ་ཚུགས་ཡོད། ཤང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་སྲིད་ཇུས་ལ་གཞིགས་ནས་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་བྱེད་ལམ་གསར་པ་དང་། མཐའ་མཚམས་གྲོང་མིའི་ཁ་གསབ་དང་། སྣོད་བཅུད་ཁ་གསབ། རྩྭ་ཐང་གི་ཁ་གསབ་སོགས་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་ལ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའང་སྐྲུན་བཞིན་ཡོད་པས། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ང་ཚོའི་དད་སེམས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་ཞེས་གསུངས་པ་རེད།

ལོ60ཡི་རིང་གི་དཀའ་སྤྱད་འབད་འཐབ་བརྒྱུད་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད། དམངས་གཙོའི་སྒྱུར་བཅོས་བྱས་ནས་ལོ་60ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་དང་རང་ཁྱིམ་རང་བདག་བྱུང་བ་དང་། བོད་འདི་ཉིད་མུན་ནག་ནས་འོད་སྟོང་དང་། རྗེས་ལུས་ནས་ཡར་རྒྱས། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།