བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས2ཉིན་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བཅོས་སྒྲིག་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་སྐོང་ཚོགས་བྱས་ནས།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལན་སྤྲོད་གནད་དོན་ལྗོངས་ཡོངས་ནས་བཅོས་སྒྲིག་བྱས་ཚུལ་དང་།  སྤྱི་ལོ2018ལོའི་རང་སྐྱོང་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གྲ་སྒྲིག་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ནས་རིམ་ཁག་ཚན་པ་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་བཅོས་སྒྲིག་ལས་དོན་དེ་གལ་ཆེའི་ཆབ་སྲིད་ལས་འགན་ཞིག་ལ་རྩིས་ནས།  བཅོས་སྒྲིག་ལས་དོན་ཁྲོད་ཀྱི་སྤྱོད་ཚུལ་བཞིའི་གནད་དོན་དང་ལས་འཛོལ་གྱི་སྣང་ཚུལ་གཏན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་།  དུས་ཚོད་དམ་འཛིན་བྱས་ནས་བཅོས་སྒྲིག་སླ་བཅོས་གཏན་ནས་མི་བྱེད་པར་གཙོ་གནད་ལས་འགན་དང་དམ་པོར་བསྟུན་ཏེ།  ཕྱི་ཚུལ་ཙམ་གྱི་བཅོས་སྒྲིག་གཏན་འགོག་བྱེད་པ་དང་བཅོས་སྒྲིག་གི་སྤུས་ཚད་དམ་འཛིན་བྱས་ནས་བཅོས་སྒྲིག་རྫུན་མ་གཏན་འགོག་བྱེད་པ་བཅས་བྱས་ཏེ།  བཅོས་སྒྲིག་ལས་ཀར་ཕན་འབྲས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཀྲོང་ཡན་ནས་རིམ་ཁག་ཚན་པ་ཁག་གིས་མཐུན་སྦྱོར་ངང་གཅིག་གྱུར་འཆར་འགོད་བྱེད་ཤུགས་དང་རྗེས་འདེད་ལྟ་ཞིབ་བྱེད་ཤུགས།  འགན་འཁྲི་བདའ་འདེད་གཏོང་ཤུགས།  དྲིལ་བསྒྲགས་གཏོང་སྤེལ་བྱེད་ཤུགས་བཅས་སྔར་བས་ཆེ་རུ་བཏང་ནས།  རང་འགུལ་ངང་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་།  བཅོས་སྒྲིག་ལས་འགན་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱེད་པ།  གནད་འཕིགས་ཞིབ་ཚགས་ངང་ལས་དོན་བཀོད་གཏོང་བྱེད་པ།  གནས་པའི་གནད་དོན་དུས་ཐོག་ཤེས་རྟོགས་དང་ཡོ་བསྲང་བཅས་བྱས་ཏེ་བཅོས་སྒྲིག་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པ།  ཚན་རིག་དང་མཐུན་ཞིང་ཕན་ཆེའི་ངང་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུང་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།