བོད་ལྗོངས་ཀྱི་གཞུང་ལམ་བདག་སྐྱོང་གི་ལམ་ཚད་སྤྱི་ལེ་ཁྲི8ལྷག་ཙམ་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་བདག་སྐྱོང་གི་ལམ་ཚད་སྤྱི་ལེ་ཁྲི8.34ཟིན་པ་དེས་བོད་ལྗོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་ཀྱི93%བཟུང་ཡོད། བོད་ལྗོངས་ཀྱིས་འདས་ཟིན་པའི་ལོ་ལྔའི་ནང་གཞུང་ལམ་བདག་སྐྱོང་ལས་གྲྭར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར37.5བཏང་བ་དང་གཞུང་ལམ་དོ་དམ་དང་བདག་སྐྱོང་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་བདག་སྐྱོང་སྤུས་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད་པ་རེད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདས་ཟིན་པའི་ལོ་ལྔའི་ནང་བོད་ལྗོངས་ཀྱི་གཞུང་ལམ་བདག་སྐྱོང་གི་ལམ་ཚད་སྤྱི་ལེ་ཁྲི5.97ནས་སྤྱི་ལེ་ཁྲི8.34བར་རིང་དུ་ཕྱིན་ཏེ་བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི8.99ལྷག་ཙམ་གྱི93%བཟུང་ཡོད་པ་དེའི་ནང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་གྱི་སྣུམ་ནག་ལམ་དང་སེག་མའི་ལམ་གྱི་སྤུས་ཀ་ལེགས་ཚད66.4%དང57.5%སོ་སོར་ཟིན་པ་དེ0.7%དང2.95%སོ་སོར་འཕར་ཡོད། གྲོང་གསེབ་གཞུང་ལམ་གྱི་རྫོང་གི་ལམ་བུ་དང་གྲོང་གསེབ་ལམ་བུའི(ཆེད་སྤྱོད་གཞུང་ལམ་ཚུད་པ)སྤུས་ཀ་ལེགས་ཚད58%དང46.5%ཟིན་གྱི་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ཀྱི་ཅུས་ཀྲང་ལུའུ་ཨའེ་པེན་གྱིས་དམིགས་བསལ་གྱི་ས་གཤིས་དང་། གནམ་གཤིས་ཁོར་ཡུག ལམ་བུའི་གནས་ཚུལ་བཅས་ཀྱི་ཤུགས་རྐྱེན་ལས་བདེ་འཇགས་ཤར་བསྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་གཞུང་ལམ་བདག་སྐྱོང་གིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལྷག་དོན་དུ་ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ཟོག་འགྲེམས་དང་མི་འགྲུལ་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་སྦྲགས། གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཚད་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད་པས་གཞུང་ལམ་བདག་སྐྱོང་དང་དོ་དམ་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། འདས་ཟིན་པའི་ལོ་ལྔའི་ནང་བོད་ལྗོངས་ཀྱི་གཞུང་ལམ་མ་ལག་གི་འཕྲལ་སྡོམ་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ཐང་སྨད་ཟམ་ཆེན་རྡིབ་པ་སླར་གསོ་དང་། ནག་ཆུ་དང་། ཆབ་མདོ། གཞིས་རྩེ། མངའ་རིས་སོགས་ས་ཁུལ་གྱི་ཆུ་སྐྱོན་དང་གངས་སྐྱོན་གྱི་ལམ་བུ་ཤར་གཏོང་། མཛོ་སྒང་རྫོང་དང་སྟེང་ཆེན་རྫོང་གི་ས་ཡོམ་བརྒྱབ་པའི་གཞུང་ལམ་མྱུར་བཟོ་སོགས་ཀྱི་ལས་འགན་ལེགས་གྲུབ་བྱས་ཡོད་ཅེས་བཤད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་ནང། བོད་ལྗོངས་ཀྱི་ཉེན་ཡོད་ཟམ་པ219གསར་སྐྲུན་བསྐྱར་སྐྲུན་བྱས་པ་དང་། ཚེ་སྲོག་སྲུང་སྐྱོབ་ཀྱི་ལས་གྲྭའི་གཞུང་ལམ་སྤྱི་ལེ1.97ལག་བསྟར་བྱས་པ། གཞུང་ལམ་ཆེ་འབྲིང་ཆུང་གསུམ་སྤྱི་ལེ1369.98བདག་སྐྱོང་བྱས་པ། གནོད་འཚེ་ཕོག་པའི་ལམ་དུམ་ཁག20འགོག་བཅོས་བྱས་པ། གཞུང་ལམ་སྤྱི་ལེ180སླར་གསོ་བསྐྱར་སྐྲུན་བྱས་པ། གཞུང་ལམ་བདག་སྐྱོང་ཁུལ38གསར་སྐྲུན་བསྐྱར་སྐྲུན་བྱས་པ། རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གྱི་སྒྲིག་ཆས15གསར་སྐྲུན་བྱས་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།