དངོས་མཚོན་བརྙན་འཕྲིན་པར་གཞི《འོད་སྟོང་འཕྲོ་བའི་ཀྲུང་གོ》ཞེས་པར་བོད་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9ཚེས19ཉིན་ལེའུ་དྲུག་ཡོད་པའི་དངོས་མཚོན་བརྙན་འཕྲིན་པར་གཞི《འོད་སྟོང་འཕྲོ་བའི་ཀྲུང་གོ》ཞེས་པ་དངོས་སུ་སྟོན་འགོ་ཚུགས་པ་རེད། ལེའུ་དང་པོ《ཕུགས་འདུན་འགྲུབ་པའི་ལས་གྲྭ》ཞེས་པའི་ནང་ཀང་ཀྲུའུ་ཨའོ་ཟམ་ཆེན་དང་། ཧུའུ་མ་ལིང་ཕུག་ལམ། ཀྲེང་དབན་ལྕགས་ལམ། བསྐྱར་དར་རྟགས་ཅན། ཧྲང་ཧའེ་དབྱང་ཧྲན་གྲུ་ཁའི་རང་འགུལ་ཅན་གྱི་གྲུ་ཁ། ཀྲུང་གོ་སྒུལ་བདེ་དྲ་སྦྲེལ་སོགས་ཀྱི་ལས་གྲྭ་ཆེན་པོ་མང་པོ་ཞིག་འཛུགས་སྐྲུན་བྱེད་ཚུལ་བསྟན་ཡོད་པ་དང་། ལོ་ལྔའི་རིང་ཀྲུང་གོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དྲ་ཆེན་མང་པོས་ཇི་ལྟར་བྱས་ཏེ་མི་དམངས་བདེ་སྐྱིད་མཛེས་སྡུག་ལྡན་པའི་ཕྱོགས་སུ་སྐྱོད་པའི་རེ་བའི་འཆར་གཞི་བཀོད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ལུགས་མངོན་པར་བྱས་ཡོད། དངོས་མཚོན་པར་གཞི་བལྟས་རྗེས་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་དགའ་སྤྲོ་རབ་ཏུ་འཁོལ་བ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་སྤོབས་པ་ཆེན་པོ་སྐྱེས་བྱུང་ལ་ཀྲུང་གོ་བ་ཞིག་ཡིན་པའི་ཆ་ནས་སྤོབས་པ་དེ་བས་ཆེན་པོ་སྐྱེས་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་འཆི་མེད་ཀྱིས་ཉེ་ལམ་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་ནས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་ཐེངས་མང་བཏོད་ཡོད། དེང་སྐབས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པས་རྒྱ་ཆེའི་ཞིབ་དཔྱོད་ལས་དོན་མི་སྣར་འགན་འཁྲི་དང་བླང་བྱ་གསར་པ་བཏོན་ཡོད། སླད་ཕྱིན་ལས་ཀའི་ནང་ངས་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞུང་དྲང་ཁྲིམས་འཛིན་གྱི་ལག་ལེན་པ་དང་། ཁྲིམས་འཛིན་ནན་པོ་བྱེད་མཁན་གྱི་སྐུལ་འདེད་པ། དམངས་ཡོངས་ཁྲིམས་སྲུང་ལ་སྐུལ་འདེད་གཏོང་མཁན་བཅས་བྱ་རྒྱུ་ཡིན་ཞེས་བརྗོད།

“ང་ཚོས་གྲོང་མི་སྒྲིག་འཛུགས་བྱས་ནས《འོད་སྟོང་འཕྲོ་བའི་ཀྲུང་གོ》བལྟས་པ་ཡིན། དེའི་ནང་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་དང་ཀྲུང་གོའི་སྒུལ་བདེའི་དྲ་སྦྲེལ་སོགས་ཀྱི་ལས་གྲྭ་ཆེན་པོ་མང་པོ་མཐོང་བྱུང་ལ་ལོ་ལྔའི་རིང་ང་ཚོའི་རྒྱལ་ཁབ་ཀྱིས་འབད་འབུངས་ཡར་བརྩོན་བྱེད་པའི་འགྱུར་ལྡོག་ཧ་ཅང་ཆེན་པོ་སླར་ཡང་མངོན་འདུག མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་དང་དྲ་སྦྲེལ་ཡོངས་ཁྱབ་ཐུབ་པ་ནི་ང་ཚོའི་འགྲམ་དུ་ཐོན་པའི་གནས་ཚུལ་རེད། ང་ཚོ་མི་ཚང་མར་དེ་ལས་ཕན་པ་ཐོབ་བྱུང་། གནས་ཚུལ་དངོས་མཚོན་པར་གཞིའི་ནང་ནས་མི་དམངས་མང་ཚོགས་ཀྱི་བདེ་ཚོར་དང་ཐོབ་ཚོར་མྱོང་ཚོར་ཏན་ཏིག་ཐུབ་བྱུང་། མི་དམངས་ལྟ་ཕྱོགས་ཀྱི་འོད་སྟོང་འཕྲོ་བའི་ཀྲུང་གོ་ནི་དེ་བས་མང་ཚོགས་དང་ཉེ་བཅར་ཐུབ་པ་ཞིག་འདུག་ལ་དེ་བས་གོ་སྐོན་བློ་འགུགས་ཀྱི་ནུས་པ་དང་ཡིད་དབང་འགུགས་ནུས་པ་ལྡན་འདུག”ཅེས་རྣམ་གླིང་རྫོང་ཕུ་འདམ་ཤང་ཉང་རྭ་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པའི་རུ་དཔོན་དབྱང་ཀྲེང་ལིན་གྱིས་བརྗོད་པ་དང་། ཁོང་གིས“གཞི་རིམ་གྱི་ལས་ཀ་རྙོག་འཛིང་ཆེ་ལ་མང་བས་ལས་ཀའི་ཐད་ངང་རྒྱུད་རིང་པོ་དང་ཐབས་ཤེས་ཡག་པོ་དགོས་ཀྱི་ཡོད། སླད་ཕྱིན་གྱི་ལས་ཀར་མུ་མཐུད་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བཅངས་ནས་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། དམངས་ཆེད་ཀྱི་སྲིད་ཇུས་བཟང་པོ་བརྒྱུད་སྤྲོད་བྱེད་པ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། དམངས་ཆེད་བྱ་བ་དངོས་ཡག་པོ་སྒྲུབ་པ། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་བ། འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་ནས་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་ཕུགས་འདུན་མཉམ་དུ་བཏོད་དེ་ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན”ཞེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།