“ལོ་ལྔ་ཚན་བཅུ་གཉིས་པའི”འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱིར་མིག་ལྟ།

  2008ལོར་བུ་མོ་ཡེ་ཤེས་སྒྲོལ་དཀར་གྱིས་སྣེ་གདོང་རྫོང་ཀུན་བཟང་ཁྱིམ་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས། ལོ་ཁ་ཤས་ནང་སྣེ་གདོང་ཀུན་བཟང་ཁྱིམ་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཧྲེ་ཡོན་ཐོག་མའི་དུད་ཚང10ནས་དུད་ཚང300ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྣེ་གདོང་རྫོང་ཀུན་བཟང་ཁྱིམ་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཧྲེ་ཀྲང་ཡེ་ཤེས་སྒྲོལ་དཀར་གྲོང་ཚོ་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར།

ཡེ་ཤེས་སྒྲོལ་དཀར་དང་གླེང་མོལ་བྱེད་སྐབས་ཁོང་གིས་ཤོད་མང་ཤོས་ཀྱི་སྐད་ཆ་ནི“ཧ་ཅང་ཡག་པོ་འདུག”ཅེས་པ་དེ་ཡིན། བོད་ཀྱི་སྲིད་ཇུས་ཧ་ཅང་ཡག་པོ་འདུག འབད་བརྩོན་བྱས་ཚེ་མི་སེར་ཚང་མ་ཕྱུག་པོ་ཆགས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ། “སླད་ཕྱིན་ང་ཚོས་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད་བཅས་མཉམ་ལས་བྱེད་པའི་བྱེད་ཐབས་སྤྱད་དེ་བོད་ཡོངས་ཀྱི་ས་མཐོའི་གསོ་ཚགས་ཐོན་ལས་ཀྱི་སྦྲེལ་ཐག་དང་པོ་དེ་བཙུགས་ནས་མི་སེར་དེ་བས་མང་པོ་ཞིག་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱ་རྒྱུ་ནི་ངའི་ཕུགས་བསམ་དང་འདུན་པ་ཡིན”ཞེས་བརྗོད་བྱུང་།

“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་རང་ལྗོངས་ལ་མ་དངུལ་གཏོང་ཚད་མང་དུ་བཏང་བར་བརྟེན་ཆུ་བེད་དང་། གློག་ཤུགས། འགྲིམ་འགྲུལ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ལེགས་སུ་ཕྱིན་པས་བོད་ཀྱི་དེ་སྔའི་སྒོ་རྒྱག་རྗེས་ལུས་ཀྱི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ཡོད།

—— “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་ཆུ་བེད་འཛུགས་སྐྲུན་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར228ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ3.26ཡིན་པ་དང་། ཞིང་འབྲོག་མང་ཚོགས་ཁྲི180ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད། ལྗོངས་ཡོངས་སུ་འཐུང་ཆུའི་བདེ་འཇགས་ཀྱི་ལས་གྲྭ་ཁྲི1.75བསྐྲུན་པས་ཞིང་འབྲོག་མང་ཚོགས་ཁྲི200ལྷག་ཙམ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དང་གྲྭ་བཙུན་ཁྲི4ཙམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་ཡོད།

—— “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་རིམ་རྩིས་བྱས་ན། གློག་དྲ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར273བཏང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ4ཡིན། ཆན་ཧྥའུ110དང་དེ་ཡན་གྱི་གློག་གཏོང་གློག་སྐུད་སྤྱི་ལེ8202ཁྲིད་པ་དང་གློག་སྒྱུར་གཤོངས་ཚད་ཆན་ཧྥའུ་ཨན་ཁྲི502ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་གི་ལྡབ3དང་ལྡབ4ཡིན།

—— “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་རང་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར470བཏང་བ་དེ་དུས་མཚུངས་ལས81%འཕར་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར679བཏང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ2.6ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལྗོངས་ཡོངས་ཀྱི་གཞུང་ལམ་བདག་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར84.5བཏང་བ་དེ་དུས་མཚུངས་ལས117%འཕར་བ་དང་བདག་སྐྱོང་གཞུང་ལམ་རིང་ཚད་སྤྱི་ལེ་ཁྲི6.8ཟིན་ཡོད།

“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་གྲུབ་འབྲས་སྐོར་གླེང་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཅན་ལ་མྱོང་ཚོར་ཟབ་མོ་ཡོད་པ་རེད།

ལྷོ་རོང་རྫོང་གིས་ཐོག་མཐའ་བར་གསུམ་དུ་ལམ་བཟོ་བ་དང་གློག་ཤར་གཏོང་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཇུར་མིག་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མེད་པ་བཟོ་བ་དང་ཐབས་ལམ་སྣ་མང་བརྒྱུད་མ་དངུལ་གྲབས་གསོག་བྱས་ཏེ་ཤང་དང་གྲོང་ཚོའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་བ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་རོང་རྫོང་གི་ཕྱིར་སྐྱོད་བགྲོད་ལམ་ཆེ་མོ་སྟེ། ཞིང་ཆེན་ལམ303གྱི་ལམ་ཐིག་ཡོངས་སྒྱུར་བཀོད་རིམ་སྤོར་བྱས་ཏེ་སྣུམ་ནག་ལམ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་རྫོང་དེ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ305མང་དུ་ཕྱིན་ཐོག་ཤང་གྲོང་དང་། གྲོང་ཚོ་དང་གྲོང་ལྷན། དགོན་སྡེ་བཅས་ལ་རླངས་འཁོར་ཤར་གཏོང་ཐུབ་ཚད100%ཟིན་པ་དང་། རང་བྱུང་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད39%ཟིན་པ། ཤང་དང་གྲོང་རྡལ་ལ་རླངས་འཁོར་ཤར་གཏོང་ཐུབ་ཚད72%ཟིན་པ་བཅས་བྱུང་ནས་ལྷོ་རོང་རྫོང་གིས་གཏན་འཁེལ་བྱས་པའི“ལོ་ལྔ་ཚན་བཅུ་གཉིས་པའི”རིང“2·4·6”གི་འགྲིམ་འགྲུལ་འཁོར་རྒྱ་བསྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་སྟེ། རྫོང་གྲོང་ནས་ཐོན་ཏེ་ཆུ་ཚོད་གཉིས་ནང་ཚུན་དུ་ཤང་དང་གྲོང་རྡལ་གང་རུང་ཞིག་གི་སྲིད་གཞུང་གནས་ཡུལ་དུ་སླེབས་པ་དང་། ཆུ་ཚོད་བཞིའི་ནང་ཚུན་དུ་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་དུ་སླེབས་པ། ཆུ་ཚོད་དྲུག་ནང་ཚུན་དུ་སྲིད་འཛིན་གྲོང་ཚོ་གང་རུང་ཞིག་གནས་ཡུལ་དུ་སླེབས་པ་བཅས་ལས་འགྲོ་ལམ་ཤར་གཏོང་ཐུབ་ཚད་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཁྲི5ཡི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ་དང་རྫོང་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་རེད།

ད་ཆ་ཨ་སྔོན་སྤྲིན་དཀར་འོག་ལྷོ་རོང་རྫོང་གི་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་དྲ་རྒྱ་ཞིག་ཆགས་པ་དང་བདེ་སྐྱིད་ལམ་བུ་རེ་རེ་བཞིན་ཐག་རིང་ཕྱོགས་སུ་སྣུར་སྲིང་ཐུབ་ནས་མི་སེར་ལ་ཕན་བདེ་ཆེན་པོ་བསྐྲུན་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།