རླུང་གཡོར་བསྒྲེངས་ནས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ཕྱོགས་སུ་བསྐྱོད་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་སྐོར་གྱི་དངོས་བྲིས། (སྟོད་ཆ)


ལོ་ངོ་5000ལྷག་ཙམ་གྱི་འོད་སྟོང་འཕྲོ་བའི་ཤེས་དཔལ་དང་། ཉེ་རབས་དང་དེང་རབས་ཚུན་གྱི་བརྗིད་རླབས་ཆེ་བའི་ལོ་རྒྱུས་ལྡན་པ་དང་། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་བའི་བུ་ཕྲུག་གི་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་འཆང་བ། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གསོག་འཇོག་བྱས་པའི་སྟོབས་ཤུགས་ལྡན་བཞིན་དུ་ལོ་3ལྷག་ཙམ་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་འཕེལ་རྒྱས་ཀྱི་མདུན་གྲལ་དུ་འགྱིང་ངེར་བཞེངས་ཏེ“ཀྲུང་གོའི་གྲུ་གཟིངས”ཆེ་མོར་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

བརྗིད་ཆེའི་འཆར་གཞི་འདིང་བཞིན་ཡོད་པ།

——ལོ་3ལྷག་ཙམ་རིང་ཀྲུང་གོའི་ཕུགས་འདུན་སྤྱི་འདོམས་སུ་བྱས་ནས་རྒྱལ་སྲིད་སྐྱོང་སྟངས་ཀྱི་རྩེ་རིམ་ཇུས་འགོད་ཀྱི་སྒྲོམ་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཐོག་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྣམ་པ་གསར་པའི་ཕྱོགས་སུ་སྣེ་ཁྲིད་བྱས་པ།

ཞིས་ཅིན་ཕིང་གིས“རྒྱལ་ཁབ་དེ་འདྲ་ཞིག་སྐྱོང་བར་ཧ་ཅང་ལས་སླ་པོ་མེད་པས་ངེས་པར་དུ་མཐོ་འཛེགས་རྒྱང་ལྟ་བྱེད་པ་དང་དུས་མཚུངས་ངེས་པར་དུ་ཏན་ཏན་ཏིག་ཏིག་བྱེད་དགོས”ཞེས་གསུངས་ཡོད།

“ང་ཚོའི་འགན་འཁྲི་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལོ་རྒྱུས་ཀྱི་མཐུད་རྒྱུག་དབྱུག་པ་བླངས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཕྱིར་འབད་འཐབ་ཧུར་ཐག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་དེ་ཉིད་འཛམ་གླིང་མི་རིགས་ཁག་གི་ཁྲོད་འགྱིང་ངེར་ལངས་ཐོག་མིའི་རིགས་ཀྱི་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས”ཞེས་གསུངས་ཡོད།

ལོ་3གྱི་གོང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་ཀྲུང་ཕྱིའི་གསར་འགོད་པར་མཇལ་འཕྲད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་མིའི་འགན་འཁྲི་འཁུར་ལུགས་གསལ་པོ་ཤེས་སུ་འཇུག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད།

ལོ་གསུམ་ཡུད་ཙམ་ཞིག་ལ་འདས་ཟིན། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་གཏན་འཁེལ་བྱེད་པ་ནས“ཀྲུང་གོའི་ཕུགས་འདུན”ཞེས་པ་འདོན་པའི་བར་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་བྱེད་པ་ནས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བར་སོགས་ལ་དུས་རབས་ཀྱི་ནང་དོན་མངོན་གསལ་དོད་པོ་ལྡན་པའི་རྒྱལ་སྲིད་སྐྱོང་སྟངས་ཀྱི་སྤྱིའི་ཐབས་ཇུས་དུས་བསྟུན་འཕེལ་རྒྱས་དང་རྒྱུན་ཆད་མེད་པར་གོང་འཕེལ་ཕྱིན་ཏེ་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་ཡོང་ཕྱིར་རྨང་གཞི་བརྟན་པོ་བཏིང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྣམ་པ་གསར་པའི་ཕྱོགས་སུ་སྣེ་ཁྲིད་བྱས་པ་རེད།

ལོ་3ལྷག་ཙམ་རིང་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་རྒྱལ་སྲིད་སྐྱོང་སྟངས་ཀྱི་ལོ་རྒྱུས་ཁ་ཕྱོགས་ཁ་གསལ་དུ་ཕྱིན་པ། ——

2016ལོ་ནས་2020ལོའི་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད།

མི་འབོར་དུང་ཕྱུར་13ལྷག་ཙམ་ཡོད་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་ལོ་5ཡི་རིང་འབད་འཐབ་བྱས་ནས“ཡོང་འབབ་འབྲིང་གྲས”ཀྱི་དོང་རྙི་ལས་སྒྲོལ་ཐུབ་པ་དེ་ནི་སྔར་ན་མེད་པ་ཞིག་རེད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་རིང་མིན་མངོན་འགྱུར་ཐུབ་པ་ཞིག་ཡོད་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་གཉིས་པའི་ཕྱོགས་སུ་སྐྱོད་པར་བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བྱེད་དགོས་ཀྱི་ཡོད།

“ཕུགས་འདུན་གཅིག་དང་ལོ་བརྒྱ་གཉིས་ནི‘གོམ་སྟབས་གསུམ’ལ་དབྱེ་ནས་སྐྱོད་པའི་འཐབ་ཇུས་དགོངས་དོན་གྱི་འཕེལ་རྒྱས་གལ་ཆེན་ཞིག་ཡིན་པ་དང་། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་རྒྱལ་སྲིད་སྐྱོང་སྟངས་ཀྱི་སྤྱིའི་སྒྲོམ་གཞིའི་གཏན་ཚིགས་ཀྱི་འགོ་འཛུགས་ས་ཞིག་ཏུ་གྱུར་ཡོད”ཅེས་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གསོ་ཀྲང་གཞོན་པ་ཧན་ཆིང་ཞང་གིས་གསུངས་པ་རེད།

ལོ་གསུམ་ལྷག་ཙམ་རིང་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་རྒྱལ་སྲིད་སྐྱོང་སྟངས་ཀྱི་འཐབ་ཇུས་རིམ་གྱིས་ལག་ལེན་བསྟར་འགོ་ཚུགས་པ། ——

“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་བྱེད་དགོས”ཞེས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་ཡོངས་སུ་དུས་རབས་ཀྱི་ཞིབ་འཇུག་བྱེད་གཞི་ཁ་གསལ་བཏོན་ཡོད།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ —— བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གནད་དོན་སྟོན་ཕྱོགས་སུ་བྱས་ནས་འཐབ་ཇུས་དགོངས་དོན་གསར་པ་བཏོན་ཡོད།

ལོ་གསུམ་ལྷག་ཙམ་རིང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་དགོངས་པའི་ནང་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། ——

ཡུལ་དེ་གའི་དུས་ཚོད་2015ལོའི་ཟླ་12ཚེས་12ཉིན་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཕ་རི་སིའི་ཚོགས་ཆེན་གྲོལ་བ་རེད། དཀའ་ཚེགས་ཆེ་བའི་གྲོས་མོལ་བྱས་པ་བརྒྱུད་མཐར་ལམ་ཚད་རྡོ་རིང་ལྟ་བུའི《ཕ་རི་སིའི་གྲོས་ཆོད》གྲོས་འཆམ་བྱུང་ནས་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་ནང་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད།

འགོ་ཚུགས་ཚོགས་ཆེན་གྱི་མཛད་སྒོའི་ཐོག་ཞིས་ཅིན་ཕིང་ཕེབས་ནས་ཀྲུང་གོའི་འདོད་ཚུལ་བརྒྱུད་བསྒྲགས་གནང་བས་གྲོས་མཐུན་འཇོག་ཕྱིར་ཀྲུང་གོའི་སྟོབས་ཤུགས་སྣོན་ལུགས་མཚོན་ཡོད།

“འདས་ཟིན་པའི་ལོ་བཅུའི་རིང་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་མི་དམངས་ཀྱི་འཚོ་བ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད་མོད། འོན་ཀྱང་ཐོན་ཁུངས་དང་ཁོར་ཡུག་རིན་དོད་དུ་བྱས་ཡོད། སྔོན་བྱས་ལས་ལ་ལེགས་ཉེས་དབྱེ་ཞིབ་བྱས་ཐོག ཀྲུང་གོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལྗང་མདོག་འཁོར་རྒྱུག་གི་ཐཱན་དམའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད”

ལྗང་མདོག་འཕེལ་རྒྱས་ནི་གནད་དོན་ལྡོག་འདེད་བྱས་པའི་ལན་འདེབས་ཞིག་ཡིན་ལ་ཀྲུང་གོའི་འཕེལ་རྒྱས་འདུ་ཤེས་རྙིང་དོར་གསར་འཛུགས་བྱས་པའི་བསྡུས་རིས་ལྟ་བུ་ཞིག་ཀྱང་རེད།

འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། འཕེལ་རྒྱས་གཏོང་སྟངས་སྒྱུར་བཞིན་ཡོད་པ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་བཞིན་ཡོད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་བརྗེ་སྒྱུར་བྱེད་བཞིན་ཡོད།

གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས —— ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་གསལ་པོར་བཏོན་ནས་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ་གཏོང་འགོ་ཚུགས་ཡོད།

གཙོ་རྐང་གཅིག་ཐོག་མཐའ་བར་གསུམ་དུ་ཁྱབ་པ།

—— ལོ་གསུམ་ལྷག་ཙམ་རིང་རྒྱུན་རྣམ་གསར་པར་ངོས་འཛིན་དང་། རྒྱུན་རྣམ་གསར་པར་བསྟུན་པ། རྒྱུན་རྣམ་གསར་པར་སྣེ་ཁྲིད་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོ་ཆུད་པ།

2014ལོའི་ཟླ་7ཚེས་8ཉིན་ཀྲུང་ནན་ཧའེ་རུ།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དཔལ་འབྱོར་དུས་བབ་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག“ང་ཚོས་གཏན་་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་འཛིན་རྒྱུ་ངེས་པར་དུ་མཐའ་འཁྱོངས་དང་། འཕེལ་རྒྱས་ནི་ཏང་གིས་སྲིད་སྐྱོང་རྒྱལ་དར་མཐའ་འཁྱོངས་བྱེད་པའི་ལས་འགན་གལ་ཆེན་ཨང་དང་པོ་དེ་ཡིན་པས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་ཟམ་མི་ཆད་པར་སྐུལ་མ་གཏོང་དགོས”ཞེས་བསྟན་གནང་ཡོད།

གོ་ལ་ཧྲིལ་པོར་བལྟས་ཚེ། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་ནས་ལོ་7ལྷག་ཙམ་ཕྱིན་ཟིན་པ་དང་དེ་ནི་སྔར་བས་རྙོག་དྲ་ཆེས་ཆེ་བས་གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱུན་མཐུད་བསྐྱར་གསོ་ཡོང་འགོར་བ་མ་ཟད། དར་རྒྱས་ཆེ་བའི་དཔལ་འབྱོར་སྒྲིག་གཞིའི་འགྲོ་ཕྱོགས་ཁ་ཐོར་ཡིན་པ་དང་གསར་དར་དཔལ་འབྱོར་སྒྲིག་གཞིའི་འཕེལ་རྒྱས་ལ་དཀའ་ངལ་ཡང་ཡང་འཕྲད་ཀྱི་ཡོད།

རྒྱལ་ནང་ལ་ལྟ་སྐབས་དཔལ་འབྱོར་དེ“དུས་གསུམ་སྣོན་རྩེག”གི་དུས་མཚམས་སུ་སླེབས་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་མི་འདང་བ་དང་སྲོལ་རྒྱུན་གྱི་སྒུལ་ཤུགས་རྙིང་པ་ཉམས་དམས་སུ་འགྲོ་བའི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་མངོན་གསལ་དོད་པོ་ཡོད་པར་བརྟེན་ཁེ་ལས་ཁག་གཅིག་གཉེར་སྐྱོང་བྱེད་དཀའ་བར་གྱུར་ཏེ་དཔལ་འབྱོར་འཕར་ཚད་དེ་2012ལོ་ནས་བཟུང་8%མན་ཆད་བར་འགོར་དུ་ཕྱིན་ཡོད།

ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པར་ཤུགས་སྣོན་བརྒྱབ་ཅིང་། ཉམས་རྒུད་ཆེ་རུ་འགྲོ་བའི་གནས་ཚུལ་འོག་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་གཏོང་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཡིན།

“རང་རྒྱལ་གྱི་དཔལ་འབྱོར་དེ་དུས་ཡུན་རིང་པོའི་གྲངས་གནས་གཉིས་ཀྱི་འཕར་ཚད་ནས་གྲངས་གནས་གཅིག་གི་འཕར་ཚད་དུས་མཚམས་སུ་སླེབས་ཡོད”ཅེས་པ་དེ་ནི་2013ལོའི་ཟླ་3ཚེས་5ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་དཔལ་འབྱོར་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པར་བརྡར་ཤ་གལ་ཆེན་བཅད་གནང་བ་ཞིག་རེད།

2014ལོའི་ཟླ་5པར་ཧོ་ནན་དུ་རྟོག་ཞིབ་གནང་སྐབས“རྒྱུན་རྣམ་གསར་པ”ཞེས་པ་ཐོག་མར་བཏོན་གནང་བ་དང་2014ལོར་སླེབས་སྐབས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི”ཐད་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་གནང་བ་དང་2015ལོར་སླེབས་སྐབས་སླར་ཡང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར“ལྟ་སྟངས་ཇི་ལྟར་འཛིན་པ”དང“ཇི་ལྟར་བྱེད་དགོས་པའི”ཐད་རྒྱས་བཤད་གཏིང་ཟབ་གནང་ནས་དཔལ་འབྱོར་གྱི་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གྱི་བསམ་ཕྱོགས་ཐད་གསར་གཏོད་འགངས་ཆེན་གནང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ལ་སོགས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་དང་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད།

རྒྱུན་རྣམ་གསར་པར་ངོས་འཛིན་དང་། རྒྱུན་རྣམ་གསར་པ་དང་བསྟུན་པ། རྒྱུན་རྣམ་གསར་པར་སྣེ་ཁྲིད་པ་བཅས་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་ཚིགས་ཡིན་ལ་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་དུ་བཏང་བ་ཞིག་དང་དུས་དཔག་བབ་བསྟུན་ངང་འཛམ་གླིང་དཔལ་འབྱོར་གྱི་དུས་འཁོར་དང་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་དེ་བཞིན་ཕན་ཚུན་གྱི་ནུས་པར་ཕྱོགས་བསྡུས་ངང་དབྱེ་ཞིབ་བྱེད་པའི་བརྡར་ཤ་འགངས་ཆེན་བཅད་པ་ཞིག་ཀྱང་རེད།

འདུ་ཤེས་ཐད་དེ་བས་ཁ་གསལ་བ ——

སྔོན་ཆད་རགས་ལས་རྣམ་པའི་འཕེལ་རྒྱས་ལ་བརྟེན་ནས་འཕར་ཚད་ཆེན་པོ་ཡོང་བ་བྱེད་པའི་དཔེ་དབྱིབས་བསྐྱར་ལོག་བྱེད་མི་སྲིད་པ་དང་རྣམ་པ་བསྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འགག་སྒོ་ཞིག་ཡིན་པས་ངེས་པར་དུ་སྲོལ་རྒྱུན་གྱི་འཕེལ་རྒྱས་བསམ་ཕྱོགས་དོར་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་གསར་པ་གཞིར་བཟུང་འཕེལ་རྒྱས་འཆར་འགོད་བྱེད་དགོས།

བྱ་སྤྱོད་ཐད་དེ་བས་སེམས་ཐག་ཆོད་པ——

སྣོན་འཕྲི་མཉམ་འགྲོགས་དང་བླང་དོར་ཟུང་འབྲེལ་བྱེད་ཅིང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་གསར་གཏོད་བཅས་བྱས་ཏེ་ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པ་བཟོ་བ། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ་བཅས་བྱས་ཏེ་མཁོ་སྤྲོད་མ་ལག་གི་མཐུན་འཕྲོད་རང་བཞིན་དང་བབ་བསྟུན་རང་བཞིན་ཤུགས་ཆེར་བཏང་ཐོག་རྒྱུ་རྐྱེན་ཧྲིལ་པོའི་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་དགོས།

ཁ་ཕྱོགས་དང་ལས་འགན་གསལ་བ།

རླུང་གཡོས་རླབས་རྡེག་ཇི་ཙམ་བྱས་ཀྱང་བློ་བག་ཕེབས། རྒྱལ་ནང་དུ་བརྟག་ཞིབ་གནང་ཡང་རུང་ཡང་ན་རྒྱལ་སྤྱིའི་ཚོགས་འདུའི་ཐོག་ཡིན་ནའང་འདྲ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དཔལ་འབྱོར་དུས་བབ་སྐོར་གླེང་གནང་སྐབས་རྟག་ཏུ“ངེས་ཤུགས”དང“ཡིད་ཆེས”ཞེས་པའི་མིང་ཚིག་གཉིས་ནན་བཤད་གནང་གི་ཡོད། ཀྲུང་དབྱང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་དོན་ཚོགས་འདུ་དང་།

ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་ཁྱེར་ལས་ཀའི་ཚོགས་འདུ་ལ་སོགས་གསར་གཏོད་རང་བཞིན་གྱི་ཚོགས་འདུ་གལ་ཆེན་རབ་དང་རིམ་པ་འཚོགས་པ་དེ་དག་ཚང་མའི་ཐོག་ནས་ཏང་ཀྲུང་དབྱང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་འགངས་ཆེན་ཐད་ཀྱི་གནད་སྨིན་གཟིགས་རྒྱང་དང་ཁ་ཕྱོགས་སྒྱུར་ནུས་མི་མཚོན་པ་གཅིག་ཀྱང་མེད།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་སྡུད་སློབ་སྦྱོང་ཐེངས་9པ་གཙོ་སྐྱོང་གནང་སྐབས“གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་ཐུབ”ཅེས་ནན་བཤད་གནང་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གྲོས་འགོའི་ནང“གསར་གཏོད་ནི་འཕེལ་རྒྱས་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན”ཞེས་བཏོན་པ་ལ་སོགས་གསར་གཏོད་ལ་བརྟེན་རྒྱུ་དེ་དར་སྲོལ་ཞིག་ཆགས་ཡོད། རྣམ་པ་སྣ་ཚོགས་ཀྱིས་བར་མཐོངས་གཏོད་པ་དེ་ཆར་རྗེས་མྱུ་གུ་འབུད་པ་བཞིན་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད། གྲངས་གཞི་ལས་མངོན་པར། 2015ལོ་ནས་བཟུང་། ཆ་སྙོམས་ཉིན་རེར་ཐོ་འགོད་བྱེད་མཁན་གྱི་ཁེ་ལས་གསར་པ་ཁྲི་1.1ལྷག་ཙམ་ཡོད་པས་གསར་གཏོད་ལ་བརྟེན་ནས་ལས་གཏོད་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཨིན་ཇི་གསར་པ་ལྟ་བུར་གྱུར་ཡོད།

དཔལ་འབྱོར་གྱི་འཐབ་ཇུས་ཆེན་པོ་གསུམ། དགེ་མཚན་ཁྲི་སྟོང་མང་པོའི་ཐོག་ནས་དཔལ་འབྱོར་གྱི་འཆར་གཞི་གསར་པ་འཆར་འགོད་བྱས་པ་སྟེ“རྒྱུད་གཅིག་ལམ་གཅིག”ལག་ལེན་བསྟར་ནས་ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་མཐུད་སྦྲེལ་ལ་སྐུལ་མ་མགྱོགས་པོ་ཐེབས་རྒྱུ་རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཕྱིན་ནས་ས་ཁོངས་ཀྱི་འཕར་གཞི་གསར་པ་ཞིག་ཆགས་པ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཤར་ནུབ་དབུས་གསུམ་ལ་ཁྱབ་ནས་ཚོད་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་ཁྲི་འཇོག་ཐུབ་པའི་ཁྲོམ་ར་ཆེན་པོ་ཞིག་སྐུལ་ཁྲིད་བྱེད་ཐུབ།

རྒྱལ་ཁབ་50ལྷག་ཙམ་དང་མཉམ་དུ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གྲ་སྒྲིག་དང་། འཛུགས་པ་དང་། དར་ལམ་ཐེབས་རྩ་འཛུགས་པ། རང་དབང་ཚོང་དོན་ཁུལ་འཛུགས་སྐྱོང་མགྱོགས་སུ་གཏོང་བ …… ཀྲུང་གོས་སྒོ་དབྱེའི་བསམ་གཞིག་ཐོག་ནས་རྣམ་པ་གསར་པ་བསྐྱར་འཛུགས་བྱས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་གི“ཀྲུང་གོའི་འགན་འཁྲི”མངོན་གསལ་ཇེ་ཆེར་སོང་ཡོད།

ཀྲུང་གོ་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི“རྨང་རྡོ”ལྟ་བུ་རེད། ཀྲུང་གོའི་དཔལ་འབྱོར་འཕར་ཚད་7%ཙམ་ནི་རྒྱལ་ཁབ་འབྲིང་གྲས་ཤིག་གི་ལོ་རེའི་དཔལ་འབྱོར་བསྡོམས་འབོར་དང་ཧ་ལམ་མཚུངས་པ་དང་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་ནང་ལེགས་སྐྱེས་འབུལ་ཚད་30%ཙམ་ཟིན་ཏེ་གོ་ལ་ཧྲིལ་པོའི་ཨང་དང་པོ་རེད།

སྒུལ་ཤུགས་ཤིག་ཤུགས་ཀྱིས་ཐོན་པ།

—— ལོ་གསུམ་ལྷག་ཙམ་རིང་འགག་སྒྲོལ་དཀའ་སེལ་དང་གོམ་སྟབས་བརྟན་ཞིང་མགྱོགས་པོའི་ངང་མདུན་དུ་བསྐྱོད་དེ་ཏང་ཀྲུང་དབྱང་གིས་ཁ་ལོ་བསྒྱུར་བའི“ཀྲུང་གོ་རྟགས་ཅན”སྒྱུར་བཅོས་ཀྱི་གཏིང་ཟབ་སར་བསྐྱོད་པ།

ཞིས་ཅིན་ཕིང་གིས“ང་ཚོའི་སྒྱུར་བཅོས་སྒོ་དབྱེའི་ཐད་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྒྱུར་བཅོས་སྒོ་དབྱེའི་དར་ཆ་ངེས་པར་དུ་མུ་མཐུད་མཐོན་པོར་སྒྲེང་དགོས”ཞེས་གསུངས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་གྲོལ་སྐབས་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་སྐབས་གསར་པའི་མདུན་དུ་ལྷག་པའི་ཛ་དྲག་གི་སྒྱུར་བཅོས་རྒྱུགས་གཞི་ཞིག་ནི—སྒྲུབ་བདེ་བའི་བྱ་བ་ཚང་མ་སྒྲུབ་ཟིན་པ་དང་དེ་བྱིངས་ལྷག་པ་ནི་སྒྲུབ་དཀའ་བའི་བྱ་བ་ཤ་སྟག་རེད།

ཇི་ལྟར་བྱས་ནས་འགག་སྒྲོལ་དཀའ་སེལ་བྱ་རྒྱུ་ནི་སྲིད་སྐྱོང་ཏང་ལ་འཕྲད་པའི་བྱ་བ་གསར་པ་ཞིག་ཡིན་པ་སྟེ

—— འགན་བཞེས་མ་ཐག་པེ་ཅིང་ནས་སྒྱུར་བཅོས་སྒོ་དབྱེའི་མདུན་ས་ཡིན་པའི་ཀོང་ཏུང་དུ་རྟོག་ཞིབ་ཐེངས་དང་པོ་གནང་བར་ཕེབས་ནས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་འགྲོ་ལམ་དུ་བསྐྱོད་པའི་ཆོད་སེམས་མངོན་པ་དང་།

—— ལོ་ཕྱེད་སོང་རྗེས་ཧོ་པེར་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གནད་དོན་ལ་བརྟག་ཞིབ་གནང་ནས་ཁོང་དུ་ཆུད་དགོས་པའི་འབྲེལ་བ་ཆེན་པོ་ལྔ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པའི་གནད་དོན་ཆེན་པོ་དྲུག་བཏོན་པ།

—— ལོ་གཅིག་ཙམ་སོང་རྗེས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་གལ་ཆེ་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》གྲོས་འཆམ་གནང་བ ……

འདས་ཟིན་པའི་ལོ་གསུམ་ལྷག་ཙམ་གྱི་ལོ་ཟླར་ཕྱིར་མིག་ལྟ་སྐབས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི“འགག་རྩའི་ཐབས་མཆོག”ཡིན་པའི་སྒྱུར་བཅོས་སྒོ་དབྱེར་དམ་འཛིན་ནན་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་བ་དང་གོམ་སྟབས་བརྟན་ཞིང་མགྱོགས་པོའི་ངང་མདུན་དུ་བསྐྱོད་པ་མི་རྣམས་ཀྱིས་མཐོང་ཐུབ།

“སྒྱུར་བཅོས་ཇུས་གཞིའི་ཐོག་ནས་མི་དམངས་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོད་པ་མངོན་ཐུབ”2015ལོའི་ཟླ་2ཚེས་27ཉིན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོས་ལག་ལེན་བསྟར་འགོ་བཙུགས་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་རྩ་བའི་དགོངས་གཞི་བཏོན་གནང་བ་རེད།

2015ལོའི་ཟླ་བཅུ་གཉིས་པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཙུའུ་ཀྲང་གནང་བའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་19འཚོགས་ཟིན་པ་དང—ཚོགས་འདུ་ཚང་མ་ནི་སྤྱི་ཁྱབ་ཧྲུའུ་ཅིས་གཙོ་སྐྱོང་གནང་བ་དང་། ཚང་མ་སྒྱུར་བཅོས་ཀྱི་ལས་འགན་ལ་དམིགས་པ། སྒྱུར་བཅོས་ཀྱི་ཇུས་གཞི་རེ་རེ་བཞིན་ལ་གྲོས་ཞིབ་གྲོས་འཆམ་གནང་བ། བླང་བྱ་རེ་རེ་བཏོན་པ། གནད་དོན་སྟོན་ཕྱོགས་མངོན་གསལ་དོད་པ། གནད་སྨིན་ཤུགས་འདོན་མངོན་གསལ་དོད་པ ……

ལོ་3ལྷག་ཙམ་རིང་དཀའ་གནད་དང་བཀག་སྡོམ་ཁུལ་མང་པོ་ཞིག་ཏང་ཀྲུང་དབྱང་གི་སྤྱི་འདོམས་ཇུས་འགོད་ཁྲོད་གཏོར་བ ——

ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་དང་། ནོར་ཁྲལ་སྒྲིག་གཞི་སྒྱུར་བཅོས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས། ཀྲུང་དབྱང་ཁེ་ལས་ཀྱི་གླ་ཆའི་ལམ་ལུགས་སྒྱུར་བཅོས། ཡིག་རྒྱུགས་དང་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས། གྲོང་གསེབ་ས་ཆའི་ལམ་ལུགས་སྒྱུར་བཅོས། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས། རྐང་རྩེད་སྤོ་ལོའི་སྒྱུར་བཅོས …… དེ་སྔོན་སྒྲུབ་མི་ནུས་པ་དང་སྒྲུབ་མི་ཕོད་པའི་བྱ་བ་རེ་རེ་བཞིན་སྒྲུབ་པ་རེད། ལོ་3ལྷག་ཙམ་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀོད་འདོམས་འོག་ཆགས་སྟངས་གསར་པ་དང་རྣམ་པ་གསར་པ་གཏོད་གནང་བ་སྟེ།

སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཐོན་ཁུངས་བཀོད་སྒྲིག་ནང་གི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་པ་དང་། རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་སྒྲིག་གཞི་སྒྱུར་བཅོས་དང་གསར་གཏོད་བྱས་ནས་གཞུང་དྲང་དྲང་བདེན་ལ་སྐུལ་མ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ། སྣོད་བཅུད་ཤེས་དཔལ་གྱི་བླང་བྱ་མཚོན་པའི་དམིགས་ཚད་ཀྱི་མ་ལག་དང་། དཔྱད་ཞིབ་བྱ་ཐབས། བྱ་དགའ་དང་ཆད་གཅོད་ལམ་སྲོལ་བཅས་བཙུགས་ནས་ཁེ་ཕན་བརྟན་དུ་གཏོང་བའི་ར་སྐྱོར་གཏོར་བ་དང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ནང་གནས་ཀྱི་ཆོས་ཉིད་སྟངས་འཛིན་གྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

2015ལོའི་ལོ་མཇུག་ཏུ་རྒྱལ་སྲུང་དང་དམག་དཔུང་གི་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་དེ་ཀྲུང་དབྱང་དམག་ཨུད་ཀྱི་སྒྱུར་བཅོས་ལས་དོན་ཚོགས་འདུའི་ཐོག་གཏན་ལ་ཕབ་ཡོད།

2013ལོའི་ཟླ་9པར་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྒོ་བྱང་བཀལ་ནས་བཙུགས་པ་རེད། 2014ལོའི་ཟླ་12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེན་ཅིན་དང་། ཕུའུ་ཅན། ཀོང་ཏུང་བཅས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།

2015ལོའི་ཟླ་1པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་སྐོར་གྱི་གཏན་འབེབས》པར་འགྲེམས་བྱས་ནས་ལོ་20ཙམ་རིང་གནས་པའི་རྒན་གསོའི་དངུལ་གྱི“ལམ་ལུགས་གཉིས”མཇུག་འགྲིལ་བ་མཚོན་ཡོད།

2015ལོའི་ཟླ་10ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ“ལག་ཁྱེར་གསུམ་སྒྲིལ། ཨང་རྟགས་ལོགས་འགོད”བྱེད་པའི་ཁེ་ལས་ཀྱི་ཐོ་འགོད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་རེད།

བརྩེ་སེམས་ཟབ་མོ་ནམ་ཡང་མི་བརྗེད་པ།

—— ལོ་གསུམ་ལྷག་ཙམ་རིང་མི་དམངས་ལྟེ་བར་བྱེད་པ་དང་ཐུན་མོང་ཕྱུག་འགྱུར་ཡོང་བ་ཕྱོགས་སྟོན་དུ་བྱས་ནས་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་སྒྲིལ་བྱས་ཡོད།

ཞིས་ཅིན་ཕིང་གིས“ཀྲུང་གོའི་ཕུགས་འདུན་དེ་མཐར་གཏུག་ན་མི་དམངས་ཀྱི་ཕུགས་འདུན་ཡིན་པས་ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་མངོན་འགྱུར་དང་ངེས་པར་དུ་མི་དམངས་ལ་བདེ་སྐྱིད་ཟམ་མི་ཆད་པར་སྐྲུན་དགོས་པ་དེ་ཡིན”ཞེས་གསུངས་མྱོང་ཡོད།

མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་ནི་གུང་ཁྲན་ཏང་མིའི་འབད་འཐབ་དམིགས་ཚད་ཡིན་ལ་དེ་བས་རྒྱལ་སྲིད་སྐྱོང་སྟངས་ཀྱི་ལྡོག་ཏུ་མེད་པའི་འོས་འགན་ཡང་ཡིན།

2012ལོར་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་ཚུན་དབུལ་སྒྲོལ་འགག་སྒྲོལ་ཐད་ཁོང་གིས“སེམས་ནུས་བཏོན་གནང་མང་ཤོས་ཡིན”རྒྱལ་ནང་གི་རྟོག་ཞིབ་ཐེངས་26ནང་། དབུལ་སྐྱོར་གསར་སྤེལ་དང་འབྲེལ་བ་ཐེངས་15དང་། དབུལ་སྐྱོར་གསར་སྤེལ་དོན་གཙོ་བོར་བྱས་པ་ཐེངས་7ཡོད་པ་རེད།

ས་ཕུག་ནང་བཞུགས་པ་དང་། ས་ཁྲིའི་ཐོག་གཟིམས་པ། འབུས་རྨུགས་པར་བཟོད་བསྲན། རགས་རྒྱག་ལུད་དབོར། གཞུང་ལམ་སྐྲུན་པ། རྫབ་རླངས་སྐྲུན་པ་སོགས“རྐང་པ་ས་རླངས་ཀྱིས་འཚོས། སྒལ་པ་ཉི་མས་འཚིག་པའི”ཧྲའན་པེའི་ལོ་ཟླའི་ནང་ཕྱག་ལས་བསྒྲུབས་ཏེ་ལོ་7འདས། སྐབས་དེར་ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་ཕོངས་གནས་ཚུལ་དེས་ན་གཞོན་ཞིས་ཅིན་ཕིང་ལ་དྲན་ཤེས་ཟབ་མོ་ཞིག་བཞག་ཡོད་པ་རེད།

“ང་རང་ས་སེར་གྱི་བུ་ཕྲུག་ཡིན” ཚེ་གང་བརྗེད་མི་སྲིད་པའི་ས་སེར་གྱི་རྣམ་པ་དེ་ནུབ་བྱང་གི་རི་གྲོང་ནས་ཧྭ་བྱང་རྫོང་གྲོང་བར་དང་། ཤར་ལྷོའི་དམིགས་བསལ་ཁུལ་ནས་ཞིང་ཆེན་གཅིག་སྐྱོང་བའི་བར། ཐད་སྐྱོང་གྲོང་ཁྱེར་གྱི་གྲོང་ཨུད་ཧྲུའུ་ཅི་ནས“ཀྲུང་གོ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོའི་ཁ་ལོ་བསྒྱུར་བའི་བར་ཁོང་གི་ཐུགས་སུ་བརྟན་པོར་ངེས་ཡོད།

“དུད་ཁྱིམ་གཅིག་གམ་ཐ་ན་མི་གཅིག་གི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་མ་ཐུབ་ནའང་ང་ཚོས་ཇི་མི་སྙམ་པར་སྣང་མེད་དུ་འཇོག་མི་རུང”ཁོང་གིས་རང་ཉིད་ཀྱི་ཞབས་གཉིས་ལ་བརྟེན་ནས་ཀྲུང་གོའི་ས་གཞི་ཆེན་པོ་གོམ་པ་རེ་རེ་བཞིན་འཇལ། བབ་ཆགས་པའི་བཀའ་མོལ་མང་ཚོགས་དབུལ་པོའི་སེམས་དབུས་སུ་བརྟན་པོར་ཟུག་ཡོད།

གྲངས་གཞིར་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་ཡོད། 2011ལོ་ནས་2014ལོ་བར་རྒྱལ་ཡོངས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1.22ནས་ཁྲི་7017བར་ཉུང་དུ་ཕྱིན་པས་མི་འབོར་དབུལ་པོ་མི་གྲངས་ཁྱོན་ཁྲི་5221ཉུང་དུ་ཕྱིན་པ་དེ་རྒྱལ་ཁབ་འབྲིང་གྲས་ཀྱི་མི་འབོར་སྤྱིའི་བསྡོམས་འབོར་དང་མཚུངས།

“ཏང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚང་མ་མི་དམངས་ཀྱི་ཞབས་ཞུ་བ་དང་ཀྲུང་དབྱང་གི་འགོ་ཁྲིད་ནི་མི་དམངས་ཀྱི་ཞབས་ཞུ་བ་ཆེན་པོ་ཡིན” ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གཞི་རིམ་དུ་གཅིག་རྗེས་གཉིས་མཐུད་ངང་ཕེབས་ནས་ཁོང་རྣམ་པས་ནམ་ཡང་མི་བརྗེད་པའི་བྱ་བ་ནི་མི་དམངས་དུང་ཕྱུར་དུ་མ་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད།

ཀྲུང་གོའི་ཕུགས་འདུན་ནི་མི་དམངས་ཀྱི་ཕུགས་འདུན་ཡིན། དེ་རིང་ཀྲུང་གོ་བར་མཁོ་བ་ནི་ཟས་གོས་འགྲོ་སྡོད་བཞི་འགན་ལེན་བྱ་རྒྱུ་དེ་ཡིན་ལ་དེ་བས་མི་ཚེ་དོན་དང་ལྡན་པའི་ཕུགས་འདུན་འགྲུབ་པར་བྱ་རྒྱུ་དེ་ཡིན།

འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལས་དང་ཐོག་མཐའ་འཁྱོངས་བྱེད་དགོས་པ་ནི་མི་དམངས་ཀྱི་གཙོ་གཟུགས་གནས་བབ་དེ་ཡིན། མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ལ་བརྟེན་ན་ཀྲུང་གོ་གུང་ཁྲན་ཏང་ལ་ནུས་ཤུགས་ཀྱི་འབྱུང་ཁུངས་ཡོད།

སྲིད་ཏང་གཅིག་དང་སྲིད་དབང་གཅིག་གི་མདུན་ལམ་དང་ལས་དབང་ནི་བློ་ཁ་གཏད་མིན་ལ་རག་ལུས་ཡོད། ལམ་ལུགས་ཀྱིས་དབང་ཆར་དོ་དམ་དང་། ལས་དོན་ལ་དོ་དམ། མི་སྣར་དོ་དམ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱིས་དབང་ཆར་ལྟ་སྐུལ་དོ་དམ་བྱེད་པ་དང་དབང་ཆ་དེ་ཉི་འོད་ཁྲོད་འཁོར་སྐྱོད་བྱེད་ཐུབ་པ་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་རྒྱུན་ཆད་མེད་པར་གཏོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཆེད་དྲང་ནུས་ཆེན་པོ་གོང་བུ་གཅིག་ཏུ་འགྲིལ་དགོས།

འཚོ་གནས་ནས་འཕེལ་རྒྱས་བར་དང་། དངོས་པོ་ནས་བསམ་པའི་བར། ཕན་བདེ་ནས་དབང་ཆའི་བར་ལོ་གསུམ་རིང“མི་དམངས་གོང་དུ་བཀུར་བའི”འདུ་ཤེས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ལེའུ་གསར་པའི་ནང་མུ་མཐུད་བཀོད། “མི་ཚང་མ་དེའི་ནང་ཞུགས་པ་དང་། མི་ཚང་མས་གང་ནུས་དེ་སྒྲུབ་བྱེད་པ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ”བཅས་ཀྱི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི“མིའི་ཕྱོགས་ཡོངས་འཕེལ་རྒྱས”གཏོང་བའི་གཞུང་ལུགས་ཐོག་གསོན་ཉམས་དོད་པོས་བཀོད་པ་དང་མི་དམངས་ཀྱི་བདེ་སྐྱིད་དེ་ཀྲུང་གོའི་ཕུགས་འདུན་གྱི་ཕྱོགས་སུ་སྐྱོད་པའི་ལམ་ཚད་རྡོ་རིང་ཐོག་བཀོད་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།