དཀར་མཛེས་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ97འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུས་བརྙེས་ནས་ལོ97འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུའི་ནང་ཞུགས་ནས་གསུང་བཤད་གནང་། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་ཚོགས་འདུར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གིས་ཚོགས་འདུ་གཙོ་འགན་བཞེས་པ་རེད།

ལིའུ་ཁྲེང་མིང་གིས་ཀྲུང་གོའི་གུང་ཁྲན་ཏང་གིས་བརྒྱུད་པའི་ལོ97རིང་གི་འོད་སྟོང་འབར་བའི་བརྒྱུད་རིམ་དང་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་འོག་དཀར་མཛེས་ཁུལ་དུ་རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་ཕྱིར་མིག་བལྟས་རྗེས་ནན་གསུང་གནང་དོན། ཐོག་མའི་བསམ་འདུན་མི་བརྗེད་ནས་དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བྱ་རྒྱུན་འཁྱོངས་བྱ་དགོས། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ལས་འགན་ཡིད་ལ་བརྟན་པོ་བཅངས་ནས་ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་ཆོད་པ་བྱ་དགོས། དོན་ཆེན་ཨང་དང་པོར་གཙིགས་ཆེན་བྱས་ཏེ་རྒྱུན་ཆད་མེད་པར་མང་ཚོགས་ཀྱི་བདེ་སྐྱིད་ཐོབ་སྣང་ཇེ་དྲག་ཏུ་གཏང་དགོས།

ལིའུ་ཁྲེང་མིང་གིས་གསུངས་དོན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་པ་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་དགོས་ན་ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པར་ཏང་འཛུགས་སྐྱོང་གི་རླབས་ཆེ་བའི་ལས་གྲྭ་གསར་པར་སྐུལ་འདེད་བཏང་ནས་ཏང་དེ་བས་སྲ་བརྟན་ནུས་ལྡན་དུ་འཛུགས་སྐྱོང་བྱས་པར་བརྟེན། ཏན་ཏིག་གིས་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྲིད་སྐྱོང་འཇོན་ནུས་དང་ཆུ་ཚད་མཐོ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་བྱ་གཞག་སོ་སོ་མུ་མཐུད་ནས་མདུན་སྐྱོད་བྱེད་པར་སྲ་བརྟན་གྱི་ཆབ་སྲིད་འགན་སྲུང་བྱ་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་འདི་ཨང་པོར་བཞག་ནས་ཆབ་སྲིད་ཀུན་སྤྱོད་འདི་སྲིད་སྐྱོང་གི་ཚད་གཞིར་བརྩི་དགོས། བསམ་བློ་འཛུགས་སྐྱོང་བྱ་རྒྱུ་འདི་འགྲོ་ཕྱོགས་གཙོ་བོར་བརྩི་དགོས། རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་འདི་རྨང་གཞི་བརྟན་པོར་བྱ་རྒྱུར་བརྩི་དགོས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཟུར་དུ་བྱུང་བའི་རུལ་སུངས་ཀྱི་གནད་དོན་དག་ཐེར་བཅོས་སྐྱོང་བྱས་ཏེ་རྒྱུན་ཆད་མེད་པར་དཀར་མཛེས་ཁུལ་གྱི་སྤྱོད་གཙང་དྲང་བདེན་གྱི་ཆབ་སྲིད་ཁོར་ཡུག་ཡག་པོ་འདི་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།