ཀྲང་ཞི་མེན་ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཉིས་པར་སོང་ནས་དགེ་རྒན་རྣམས་ལ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དགུ་བའི་ཚེས་བཅུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཉིས་པར་སོང་ནས་སློབ་གྲྭའི་དགེ་རྒན་རྣམས་ལ་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སློབ་གསོ་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་བྱས།

སློབ་གྲྭའི་སྒྲ་ལེན་ཁང་དུ། ཀྲང་ཞི་མེན་གྱིས་ཁ་པར་བརྒྱུད་དེ་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཞང་ལྟེ་གནས་སློབ་གྲྭའི་སློབ་གཙོ་ཧོང་ཐོ་དང་བརྗེ་རེས་བྱས་ནས། སློབ་སྐབས་གསར་བའི་ནང་གི་དགེ་རྒན་ཚོའི་སློབ་ཁྲིད་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས། སློབ་གྲྭ་རུ། ཕུལ་བྱུང་དགེ་རྒན་ཀྲོ་ཧྲི་ཁྲུན་གྱི་བསམ་བློ་ཀུན་སྤྱོད་སློབ་ཁྲིད་ཐད་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་མ་ཟད། སློབ་གྲོགས་ཚོགས་དང་མཉམ་དུ་ན་གཞོན་དགེ་རྒན་ཝང་བསོད་ནམས་ཀྱིས་སློབ་ཁྲིད་ལ་ཉན་པ་དང་། དགེ་རྒན་ཚོས་སློབ་ཁྲིད་མི་སྐྱོང་དང་ལས་བཀུར་བློས་གཏོང་བྱས་པར་བཀའ་དྲིན་ཞུས། དངོས་ལུགས་སློབ་དཔྱོད་ཚན་ཆུང་དུ། ཀྲང་ཞི་མེན་གྱིས་དགེ་རྒན་ཚོ་དང་ལག་འཇུ་བྱས་པ་མ་ཟད་གླེང་མོལ་བྱས་ནས། ཚང་མས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། ཁྱད་ཆོས་སློབ་ཁྲིད་ཀྱི་ཚོང་རྟགས་མིང་གྲགས་ཅན་བསྐྲུན་དགོས་པའི་རེ་བ་བཏོན། དགེ་རྒན་ཧོང་ཆིན་ཧུང་གིས་སློབ་གྲྭའི་དགེ་རྒན་མིང་གྲགས་ཅན་དང་སློབ་གཙོ་མིང་གྲགས་ཅན་བྱ་བའི་ཁང་གི་བྱ་བ་སྤེལ་བའི་གནས་ཚུལ་ངོ་སྤྲོད་ལ་ཉན་རྗེས། ཀྲང་ཞི་མེན་གྱིས་བཤད་རྒྱུར། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་གནད་འགག་ནི་ཤེས་ལྡན་མི་སྣ་ཡིན་ལ། རྩ་བའི་སྟེང་སློབ་གསོར་བརྟེན་དགོས་པ་དང་། སྡེ་ཚོགས་ཅན་གྱི་སློབ་སྒྲུབ་དང་དགེ་རྒན་མིང་གྲགས་ཅན་དང་སློབ་གཙོ་མིང་གྲགས་ཅན་བྱ་བའི་ཁང་སོགས་སྟེགས་བུའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཚོ་སྔོན་གྱི་ལྷོ་ཕྱོགས་དང་རྒྱ་ཆེའི་རོང་འབྲོག་ཁུལ་དུ་རྒྱུན་བསྲིང་ནས། ཞིང་ཆེན་ཡོངས་ཀྱི་སློབ་ཁྲིད་ཆུ་ཚད་སྤྱི་ཁོག་ནས་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།