ཝང་ཅན་ཅུན་གྱི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་འཆར་བསྡུ་ལེན་བྱས་ཏེ་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བར་བླང་བྱ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་རྟ་ནག་མ་གྲོང་རྡལ་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དཀྱིལ་སྙིང་དུ་བཟུང་ནས། གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་དང་རྒྱུན་ལས་མི་སྒེར་ལ་གནས་པའི་གནད་དོན་དང་ལེགས་བཅོས་བྱ་བའི་སྐོར་གྱི་བསམ་འཆར་ཅི་ཡོད་བསྡུ་ལེན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚུང་ལི་དང་ཀྲང་ཝུན་ཁོས་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་དུ་རྫོང་དང་གྲོང་རྡལ། སྡེ་བ་བཅས་ཀྱི་ཏང་ཡོན་ལས་བྱེད་མང་ཚོགས་འཐུབ་ཚབ་པ་ཁྲིན་ཧུང་ལེན་དང་ཝུའུ་ཡུང་ཅེ། ཡན་ཧེ་མེན་སོགས་ཀྱིས་སྔ་གཞུག་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་མཁར་གྲོང་ཅན་འཛུགས་སྐྲུན། ཞང་དང་སྡེ་བ་བསྐྱར་དར། དམངས་ཚིས་ལེགས་བཅོས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་དཀྱིལ་སྙིང་དུ་བཟུང་ནས། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་གི་ལེགས་བཅོས་བྱ་བར་བསམ་འཆར་བཏོན། ཝང་ཅན་ཅུན་གྱིས་བསམ་འཆར་ལ་ནན་ཏན་སྒོས་ཉན་རྗེས། སྐབས་དང་སྐབས་སུ་འབྲེལ་ཡོད་གནད་དོན་སྐོར་ནས་ཚང་མ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། གཞི་རིམ་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་ལ་ཁྱབ་ཆེ་བའི་སྒོ་ནས་ཉན་རྒྱུ་ནི། ཏང་ཀྲུང་དབྱང་གིས་སྤེལ་གྱིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོ་བཅངས་པའི་བརྗོད་དོན་སློབ་གསོའི་བླང་བྱ་མངོན་གསལ་ཅན་ཡིན་ལ། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་གནས་པའི་གནད་དོན་ཅི་ཡོད་འཚོལ་བའི་བརྒྱུད་ལམ་གལ་ཆེན་ཞིག་ཀྱང་ཡིན། མདུན་ནས་མདུན་དུ་སྐྱོད་པའི་ལངས་ཕྱོགས་ལ་བརྟེན་ནས། རང་ཉིད་གསར་བརྗེ་ཡི་སྙིང་སྟོབས་མཐོན་པོར་བརྟེན་ནས་སྤུས་ཚད་མཐོ་བའི་ངང་བརྗོད་དོན་སློབ་གསོ་སྤེལ་དགོས། བསྡུ་ལེན་བྱས་པའི་བསམ་འཆར་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་གནད་སྨིན་མཛད་དེ། དོན་ཚན་རེ་རེ་བཞིན་ཞིབ་འཇུག་ཐག་གཅོད་བྱས་ནས། རྣམ་འགྱུར་ལེགས་པོའི་སྒོ་ནས་ལྟ་སྐུལ་དོ་དམ་དང་ལེན་བྱས་མཐར། ཐོག་མའི་བསམ་འདུན་དང་འགན་འཁྲི་བདེན་འཛིན་དངོས་གཉེར་གྱི་རང་རྟོགས་ལག་ལེན་རྣལ་མ་རུ་འཕེལ་བར་འབད་འབུངས་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱིས་སྤེལ་གྱིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ནི། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བཟོས་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། མིག་སྔར། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བཞིན་ཡོད་ཅིང་། མི་འགྱངས་པར་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་མཁན་གྱི་ས་གནས་དང་ལས་ཁུངས་ཁག་ཀྱང་རང་འགུལ་ངང་བརྗོད་དོན་སློབ་གསོའི་ལས་དོན་ཁྲོད་སིམ་འདྲེས་ཡོང་བར་བྱེད་དགོས་པས། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ལ་གཤམ་གྱི་དོན་ཚན་དྲུག་གི་ངོས་ནས་དོ་སྣང་བྱེད་དགོས་ཏེ། གཅིག་ནས་གྲ་སྒྲིག་གང་ལེགས་བྱེད་དགོས། གཉིས་ནས་སློབ་སྦྱོང་བཟང་པོ་བྱེད་དགོས། གསུམ་ནས་འབྲེལ་གཏུག་ལེགས་པོ་བྱེད་དགོས། བཞི་ནས་དྲིལ་སྒྲོག་གང་ལེགས་བྱེད་དགོས། ལྔ་ནས་བཀོལ་སྤྱོད་གང་ལེགས་བྱེད་དགོས། དྲུག་ནས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་བཅས་ཡིན་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།