ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཀྲུང་གོའི་དམངས་གཉེར་ཁེ་ལས་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་ཀྱི་གྲ་སྒྲིག་བྱ་བའི་སྦྲེལ་མཐུད་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་གསུམ་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་ཀྱི་གྲ་སྒྲིག་བྱ་བའི་སྦྲེལ་མཐུད་གྲོས་ཚོགས་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོང་རུང་ཚོགས་འདུར་ཞུགས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གིས་དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བའི་འཕེལ་རྒྱས་གནས་ཚུལ་སྙན་ཞུར་ཕུལ། གྲོས་ཚོགས་སུ་ཞུགས་པའི་མི་རྣམས་ཀྱིས་མཐོ་རིམ་གླེང་སྟེགས་ཀྱི་གྲ་སྒྲིག་བྱ་བའི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས།

ལིག་ཉིང་གིས་བསྟན་དོན། ཐེངས་འདིའི་དམངས་གཉེར་ཁེ་ལས་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཡིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་སྟངས་ལ་བརྡར་གཅོད་གནད་སྨིན་བྱེད་པ་དང་ད་ལོའི་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གང་ལེགས་བྱེད་པའི་རྒྱབ་ལྗོངས་འོག་སྒྲུབ་ཀྱིན་པའི་ལས་སྒོ་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་ཚོགས་མཚོ་སྔོན་ནས་བསྡུ་རྒྱུ་གཏན་ཁེལ་བྱས་པ་དེས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་ཟབ་བཞེས་གནང་གིན་པ་མངོན་པར་མཚོན་པས། ལས་དོན་འདི་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བླ་མེད་གནང་གིན་ཡོད། རྒྱལ་ཡོངས་ཀྱི་མིང་གྲགས་ཅན་གྱི་དམངས་གཉེར་ཁེ་ལས་ལ་སྦྲེལ་མཐུད་བྱེད་པའི་གོ་སྐབས་ཆེན་པོ་འདི་དམ་འཛིན་བྱས་ནས། ཁེ་ལས་པ་སྔར་ལས་མང་པོ་ཞིག་མཚོ་སྔོན་དུ་ཡོང་བ་དང་མཚོ་སྔོན་གྱི་བྱ་བར་རྒྱུས་ལོན་བྱེད་པ། ཕན་འབྲས་མིག་མཐོང་ལག་ཟིན་བཅས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ཟེར།

ཧོང་རུང་གིས་གཏམ་བཤད་ཁྲོད་ཐོག་མར་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ས་གནས་དང་ལས་ཁུངས་སོ་སོས་གྲོས་ཚོགས་གྲ་སྒྲིག་ལ་འབད་འབུངས་ཧུར་ཐག་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། གྲ་སྒྲིག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་ཆེན་བསྡུས་པ་ནས་བཟུང་། གྲ་སྒྲིག་བྱ་བའི་ལས་རིམ་ཁག་ཚང་མ་ཡར་ལྡན་དུ་སྤེལ་ནས། གྲ་སྒྲིག་བྱ་བའི་ལས་དོན་ཚང་མ་གོ་རིམ་ལྡན་ཞིང་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་མཐར། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་དངོས་འབེབས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱིས་ཚོང་འགུག་དངུལ་འདྲེན་སོགས་ཀྱི་ལས་དོན་བཟང་བོར་བསྒྲུབ་པ་ལ་གཞོགས་འདེགས་བྱས་མཐར། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།