མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག བུ་ཕྲུག་གི་བཟའ་ཟླས་ཁྲིམས་འགལ་ཚོང་གཉེར་དང་ཁེ་ལས་གཉེར་བར་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག བུ་ཕྲུག་གི་བཟའ་ཟླས་ཁྲིམས་འགལ་ཚོང་གཉེར་དང་ཁེ་ལས་གཉེར་བར་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ནས། གཞོགས་འདེགས་ལས་ཁུངས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་པ་དང་། བྱ་བའི་ཆེད་དོན་ཚན་ཆུང་གི་མི་སྣ་ཡོངས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆེད་དོན་བཅོས་སྐྱོང་ནི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། སྒྲིག་ལམ་སྔོན་དུ་བསྐྱོད་པ་དང་། ལས་བྱེད་པའི་ཀུན་སྤྱོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་ཡིད་ཆེས་བརྩོན་ལེན་བྱེད་དགོས། སྒྲིག་ལམ་གྱི་དམར་མཚམས་ཇེ་དམ་དུ་གཏོང་བ་དང་། ཏང་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། འགོ་ཁྲིད་ལས་བྱེད་པའི་གཉེན་ཉེ་ཡིས་ཁྲིམས་འགལ་ཚོང་གཉེར་དང་ཁེ་ལས་གཉེར་བའི་སྤྱོད་ཚུལ་མཐའ་གཅིག་ཏུ་ཚད་ལྡན་དུ་བསྒྱུར་བ་དང་ཡོ་བསྲང་བྱས་ཏེ། ཏང་ལ་དོ་དམ་ནན་མོ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆེད་དོན་བཅོས་སྐྱོང་བྱ་བའི་དུས་ཚོད་བྲེལ་མྱུར་ཆེ་བ་དང་ལས་འགན་ལྕི་ལ། ཞིབ་བཤེར་གྱི་མི་གྲངས་མང་བས། བྱ་བའི་ཆེད་དོན་ཚན་ཆུང་གིས་དུས་ཚོད་དམ་འཛིན་བྱེད་པ་དང་། བྱ་བའི་སྦྲེལ་མཐུད་བཟང་བོ་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྩ་འཛུགས་མཐུན་སྦྱོར་དང་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས། གཞོགས་འདེགས་ལས་ཁུངས་སོ་སོས་མཐུན་སྒྲིལ་མཉམ་ལས་བྱས་ནས། ལས་སྒོའི་བྱ་བ་དང་ཐེངས་འདིའི་ཆེད་དོན་བཅོས་སྐྱོང་བྱ་བ་གཉིས་འབྲེལ་འདྲིས་བྱེད་པ་དང་། བརྟན་བརླིང་དང་ཕན་པ་ཡོད་པའི་སྒོ་ནས་ཞིབ་བཤེར་དང་དབྱེ་ཞིབ། ཞིབ་བསྡུར། ཁས་ལེན། སྲིད་ཇུས་ལན་འདེབས་སོགས་ལས་འགན་ཡོངས་འགྲུབ་བྱེད་དགོས། ལས་ཁུངས་སོ་སོས་ཆེད་དོན་བཅོས་སྐྱོང་ནང་དོན་གཏན་ཁེལ་གསལ་བོ་བྱེད་པ་དང་། ཁས་ལེན་རྐྱེན་སྲོལ་ཚད་ལྡན་དུ་གཏོང་བ། ལག་བསྟར་ཚད་གཞི་ཇེ་ཞིབ་ཏུ་གཏོང་བ། ཏང་ནང་གི་ཁྲིམས་སྲོལ་ལྟར་ཁས་ལེན་བྱས་ཏེ། ཆེད་དོན་བཅོས་སྐྱོང་བྱ་བ་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།