མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་དཀྱུས་མའི་སློབ་བསྡུ་རྒྱུགས་ལེན་གྲ་སྒྲིག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཞི་ཉིན།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་དཀྱུས་མའི་སློབ་བསྡུ་རྒྱུགས་ལེན་གྲ་སྒྲིག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།  ཧྲིན་ཀྲང་གཞོན་པ་ལིག་ཐའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན།  ངོས་ཟིན་མཐོར་འདེགས་གཏོང་བ་དང་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ།   སྒྲིག་ལམ་ཇེ་ཞིབ་ཏུ་གཏོང་བ་བཅས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་མཐོ་རྒྱུགས་བྱ་བར་བདེ་འཇགས་ཁོར་ཡུག་ཅིག་བསྐྲུན་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  མཐོ་རྒྱུགས་ནི་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་པའི་དོན་ཆེན་ཞིག་ཡིན་པ་དང་།  དེའི་གལ་ཆེན་རང་བཞིན་བཤད་མི་དགོས་པ་ཞིག་རེད།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སློབ་བསྡུ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག་སོ་སོས་རིགས་སོ་སོའི་གནད་དོན་ལ་གཟབ་ནན་གྱིས་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པ་དང་།  འགན་འཁྲི་ཁག་ཁུར་བཟང་བོ་བྱས་ཏེ་མཐོ་རྒྱུགས་བདེ་འཇགས་བྱ་བར་འགན་སྲུང་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  རིམ་པ་སོ་སོའི་སློབ་བསྡུ་བྱ་བའི་ཨུ་ཡོན་ལྷན་ཁང་དང་།  ལྷག་པར་དུ་སློབ་གསོ་སྡེ་ཁག་གིས་ལས་རེས་ལམ་ལུགས་དངོས་འབེབས་དོན་འཁྱོལ་ནན་མོ་བྱེད་པ་དང་།   དུས་རིམ་གཙོ་བོ་དང་གནད་འགག་ཆ་ཤས་ལ་དམ་པོར་དམིགས་ནས་རྒྱུགས་ཤོག་བདེ་འཇགས་དང་བྱ་བར་ནོར་འཛོལ་མེད་པར་འགན་སྲུང་བྱེད་དགོས།  སྤྱི་བདེ་སྡེ་ཁག་གིས་ཉེན་རྟོག་སྟོབས་ཤུགས་བཀོད་སྒྲིག་བཟང་བོ་བྱས་ཏེ་སྤྱི་ཚོགས་བདེ་འགོད་དོ་དམ་ལ་ཤུགས་སྣོན་པ་དང་།   དྲིལ་སྒྲོག་དང་གསང་སྲུང་།   ཁྲོམ་ར་ལྟ་སྐུལ་དོ་དམ།   སྐུད་མེད་ཁ་པར་དོ་དམ་སོགས་སྡེ་ཁག་སོ་སོས་རང་འགན་རང་ཁུར་བྱས་ཏེ་སྤྱི་ཚོགས་ཁོར་ཡུག་བཅོས་སྐྱོང་དང་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས།   འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲིའི་ཁྱབ་ཁོངས་ནང་རང་ནུས་ཅི་ལྕོགས་ཀྱིས་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་དང་ཁྱིམ་བདག་ཚོར་ཞབས་འདེགས་བཟང་བོ་ཞུ་དགོས་པ་དང་།  ལྷག་པར་དུ་མཐོ་རྒྱུགས་སྲིད་ཇུས་དྲིལ་སྒྲོག་འདྲི་རྟོག་དང་དོགས་གནད་འགྲེལ་བཤད་བྱ་བ་བཟང་བོར་བསྒྲུབ་དགོས།   ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆེད་དམིགས་འགུལ་སྐྱོད་བཞིའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ནས་ད་ལོའི་མཐོ་རྒྱུགས་བྱ་བ་བདེ་འཇགས་དང་བརྟན་འཇགས་ཡིན་ཞིང་གོ་རིམ་ལྡན་པར་འགན་སྲུང་བྱེད་དགོས་ཟེར།

གྲོས་ཚོགས་ཀྱི་སྔོན་ལ།  ལིག་ཐའོ་ཡིས་ཞིང་ཆེན་ཡོངས་ཀྱི་རྒྱུགས་ལེན་ཞབས་ཞུའི་མི་སྣའི་མཛུབ་སྟོན་ལྟེ་གནས་ཀྱི་བརྙན་རིས་མ་ལག་བརྒྱུད་དེ་རྒྱུགས་ཤོག་སྐྱེལ་བ་དང་།  རྒྱུགས་ཤོག་གསང་སྲུང་ཁང་གི་ལས་རེས།   ས་ཁུལ་སོ་སོའི་མཐོ་རྒྱུགས་བདེ་འཇགས་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་ཞིབ་བཤེར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།