མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུད་གཅིག་ལམ་གཅིག་ལ་ཞབས་འདེགས་ཞུ་བའི་ཁྲལ་བསྡུ་ལས་ཁུངས་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུད་གཅིག་ལམ་གཅིག་ལ་ཞབས་འདེགས་ཞུ་བའི་ཁྲལ་བསྡུ་ལས་ཁུངས་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་ཟླ་ལྔ་བའི་ཚེས་དགུ་ཉིན་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནས་བསྡུས། ཟི་ལིང་དང་མཚོ་ཤར། ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཕྱིར་བསྐྱོད་པའི་ཁེ་ལས་ཞེ་ལྔའི་འཐུས་ཚབ་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་གི་ཁྲལ་དོན་ཅུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་བྱ་བའི་མི་སྣ་ཚོགས་འདུར་ཞུགས།

ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་དམིགས་འབེན་ནི་ཁྲལ་བསྡུ་དང་ཁེ་ལས་ཀྱི་བརྗེ་རེས་ལམ་བུ་སྔར་ལས་རྒྱ་སྐྱེད་པ་དང་། ཁེ་ལས་ཀྱི་དཔྱ་ཁྲལ་ཐད་ཀྱི་ཞུ་གཏུག་ལ་རྒྱུས་ལོན་བྱེད་པ། ཕྱིར་བསྐྱོད་པའི་ཁེ་ལས་ལ་རོགས་བྱས་ནས་དཔྱ་ཁྲལ་དང་འབྲེལ་བའི་དཀའ་གནད་ཐག་གཅོད་པ། ཕྱོགས་བསྡུས་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ཕྱི་རྒྱལ་དངུལ་ལོར་དོ་དམ་ཅུའུ་དང་ཞིང་ཆེན་ཁྲལ་དོན་ཅུའུ་རྒྱལ་སྤྱིའི་ཁྲལ་བསྡུ་དོ་དམ་ཁྲུའུ། ཚོང་ཟོག་དང་ངལ་རྩོལ་དཔྱ་ཁྲལ་ཁྲུའུ་བཅས་ཀྱིས་སོ་སོར་ཕྱི་རྒྱལ་གྱི་དངུལ་ལོར་དོ་དམ་དང་ཕྱི་རྒྱལ་གྱི་དངུལ་གཏོང་སྲིད་ཇུས་དང་ཉེན་ཁ། ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་བསྡུ་དོ་དམ་སོགས་སྲིད་ཇུས་ཐད་ནས་ངོ་སྤྲོད་དང་འགྲེལ་ཀློག་བྱས། ཀྲུང་གོ་ཆུ་བེད་ཆུ་གློག་བཟོ་སྐྲུན་ཅུའུ་བཞི་དང་མཚོ་སྔོན་ཞིང་ཆེན་ཉིང་རྡུལ་བཟོ་ལས་ཅུའུ་ཡིས་ཕྱིར་བསྐྱོད་པའི་ཉམས་མྱོང་ཐད་ས་བརྗེ་རེས་གཏམ་བཤད་སྤེལ། ཚོགས་ཞུགས་ཁེ་ལས་སོ་སོའི་འཐུས་ཚབ་པས་དཔྱ་ཁྲལ་དང་འབྲེལ་བའི་གནད་དོན་ཐད་ནས་ཡུལ་དངོས་འདྲི་གཅོད་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་སོ་སོས་ཡུལ་དངོས་ནས་ལན་བཏབ།

ཉེ་བའི་ལོ་འགའི་རིང་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས་མུའུ་སི་ལིན་ཁྱད་ལྡན་ཐོན་ལས་དང་ཕྱི་རྒྱལ་གྱི་འགན་ལེན་བཟོ་སྐྲུན། གཏེར་ཐོན་ཐོན་ཁུངས་གསར་སྤེལ་བཅས་གཙོར་བྱས་པའི་ཕྱིར་བསྐྱོད་པའི་ཁེ་ལས་འཕེལ་རྒྱས་རྣམ་པ་གྲུབ་པར་བྱས་པ་དང་། ཁྱད་ལྡན་ཐོན་ལས་སྐོར་ཞིག་ཕྱི་རྒྱལ་གྱི་ཚོང་ར་ནས་ཐོག་མར་གཞི་ཁྱོན་ཆགས་པར་བྱས་ལ། 2018ལོའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་རའི་མ་དངུལ་མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བཞི་ལ་སླེབས་པ་དང་། དངུལ་གཏོང་ས་ཆ་ཡ་གླིང་དང་ཡོ་རོབ་གླིང་། ཨ་ཧྥེ་རི་ཁ མེ་གླིང་སོགས་ས་ཁུལ་གྱི་རྒྱལ་ཁབ་ལ་ཁྱབ་ཡོད་ལ། དེའི་རྒྱབ་ལྗོངས་འོག ཁྲལ་དོན་སྡེ་ཁག་གི་རྒྱབ་སྐྱོར་དང་འགན་སྲུང་ནི་དེ་ལས་གལ་ཆེན་དུ་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ཁྲལ་དོན་སྡེ་ཁག་རང་འགུལ་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྣམ་པ་ཆེན་པོའི་ཁྲོད་འདྲེས་པར་བྱས་པ་དང་། ཕྱིར་བསྐྱོད་པའི་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཁྲོད་རྒྱུན་མ་ཆད་པར་འཚོལ་ཞིབ་བྱས་ལ། ཞབས་ཞུ་ལེགས་བསྒྱུར་བྱེད་པའི་སྟེང་ཤུགས་སྣོན་པ་དང་ཁྲལ་དོན་བསྒྲུབ་པའི་ཐད་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། ཁྲལ་བསྡུ་ཚོང་གཉེར་ཁོར་ཡུག་རྒྱུན་མ་ཆད་ལེགས་བསྒྱུར་བྱས་ཏེ། ཁྲལ་འཇལ་མི་སྣའི་ཐོབ་ཚོར་ཇེ་དྲག་ཏུ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།