ཤེས་བྱའི་ལྡིང་ཁང་རབ་ཏུ་མཛེས། །རིག་པའི་རྔ་སྒྲ་ལྷང་ལྷང་གྲགས། །

——ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་གི་གནས་ཚུལ་རགས་བཀོད།    

res01_attpic_brief.jpg

སློབ་ཁྲིད་ཀྱི་ཡུལ་དངོས་རྣམ་པ།

res04_attpic_brief.jpg

སློབ་མའི་སློབ་གསེང་སྐབས་ཀྱི་འཚོ་བ།

2019ལོའི་ཟླ4པའི་ཚེས10ཉིན་གྱི་སྔ་དྲོར། ང་ཚོ་བཅར་འདྲི་ཚན་ཆུང་དཔྱིད་རླུང་འཇམ་པོ་ཞིག་དང་འགྲོགས་ཏེ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དུ་ཆགས་ཡོད་པའི་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་ཕྱོགས་སུ་བསྐྱོད་པ་ཡིན་ལ། སློབ་རྭའི་སྒོ་ཁར་སླེབས་མ་ཐག་ང་ཚོའི་མིག་མདུན་དུ་གསལ་ལེར་ལྷགས་ཡོང་བ་ནི་སློབ་གྲྭའི་ཕྱོགས་བསྡུས་ཐོག་ཁང་མདུན་གྱི་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་དེ་རེད། སློབ་རྭའི་ནང་དུ་ཕྱིན་པ་ན། འགྲོས་གསལ་ཞིང་གདངས་སྙན་པའི་ཀ་ཁའི་ཀློག་སྒྲ་ཞིག་གེགས་མེད་དུ་རྣ་ལམ་ལ་གྲགས་ཡོང་བས། རེ་ཞིག་ཉིད་ཀྱི་དྲན་པ་རང་ཉིད་སློབ་ཆུང་འགྲིམས་དུས་ཀྱི་སྣང་བརྙན་ངོགས་སུ་ཁྲིད་བྱུང་ལ། མིག་སྔའི་སློབ་གྲྭ་འདིའི་དགེ་སློབ་ཡོངས་དང་ལྷན་ཅིག་ཏུ་དེང་སྐབས་ཀྱི་སློབ་ཆུང་གི་འཚོ་བར་རྒྱུས་ལོན་ཐེངས་ཤིག་བྱེད་འདོད་ཀྱི་འདུན་པ་དྲག་ཏུ་གཡོས་ཏེ་གོམ་ཁ་བྲེལ་སྟབས་ཀྱིས་སློབ་ཁྲིད་ཐོག་ཁང་གི་ཕྱོགས་སུ་བསྒྱུར་པ་ཡིན།

ང་ཚོ་འཕྲང་དམར་གྲོང་རྡལ་སྒྲིག་ལམ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཡོན་ཡེ་ཡིས་སྣེ་ཁྲིད་འོག་སློབ་གྲྭའི་སློབ་སྟོན་ཁང་དུ་ཕྱིན་པ་དང་། ཡུད་ཙམ་འགོར་རྗེས་སློབ་སྟོན་ཁང་གི་ཀྲུའུ་རེན་ཕུར་བ་ཐར་ལགས་སློབ་གྲྭའི་རྒྱབ་ཕྱོགས་བྱ་བའི་ཚོགས་འདུ་གྲོལ་ནས་སླེབས་བྱུང་། ཁོས་ང་ཚོར་འཚམས་འདྲི་བྱས་རྗེས་སློབ་གྲྭའི་གནས་ཚུལ་མཚམས་སྦྱོར་བྱས། ཁོ་ནི་ས་ཆ་འདི་གར་དགེ་རྒན་གྱི་ལས་ལ་ཞུགས་ནས་མི་ལོ18འགོར་ཟིན་པའི་སློབ་གསོ་པ་ཉམས་མྱོང་ཅན་ཞིག་རེད། ཁོས་བཤད་རྒྱུར། ད་ལྟའི་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་འདི་ནི2008ལོའི་མཚོ་ལྷོ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁྱབ་ཁོངས་སྙོམ་སྒྲིག་འཆར་གཞིའི་བྱེད་ཕྱོགས་དང་བསྟུན་ཏེ་སྔོན་གྱི་ཧ་ལམ་སྡེ་བ་རེ་ལ་སློབ་གྲྭ་རེ་ཡོད་པའི་སློབ་གསོ་ཁ་བཀྲམ་པའི་གནས་བབ་ལེགས་བསྒྱུར་བྱེད་པ་དང་། ཤར་ལུང་དང་འཕྲང་དམར་ཞང་གཉིས་ཀྱི་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ཁྱབ་གདལ་དུ་གཏོང་བ། ས་གནས་ཀྱི་མི་རིགས་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བ། ས་ཐག་རིང་བའི་སློབ་མ་སློབ་ཞུགས་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད། ས་ཁུལ་འདིའི་སྡེ་བ་ཉི་ཤུ་ལྷག་གི་སློབ་གྲྭ་རྣམས་གཅིག་བསྡུས་སྒོས་སློབ་ཆུང་ལོ་དྲུག་ལམ་ལུགས་ཀྱི་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་འདི2014ལོར་དངོས་སུ་བཙུགས་པར་ཡིན། ད་ལྟ་སློབ་གྲྭ་འདིའི་ཁོངས་གཏོགས་སུ་ད་དུང་སློབ་ཁྲིད་ས་ཚིགས་ཤིག་བཙུགས་ཡོད་པ་དེ་འཕྲང་དམར་གྲོང་རྡལ་རྐང་ཚ་ཞོལ་མ་སྡེ་བར་ཡོད་ཅིང་། མིང་ལ་མཆོད་རྟེན་གཞུང་སློབ་ཁྲིད་ས་ཚིགས་སུ་འབོད། སློབ་གྲྭ་དེ་ནི2018ལོའི་ཟླ9པར་དངོས་སུ་སློབ་མགོ་བརྩམས་པ་རེད། སློབ་གྲྭ་གཅིག་ལ་སློབ་ཁུལ་གཉིས་ཀྱི་སློབ་སྒྲུབ་རྣམ་པ་ལག་བསྟར་བྱས་ཏེ། “ཁྲིམས་མི་གཅིག་དང་གཞི་གཅིག་ཅན་གྱི་དོ་དམ”དཔེ་དབྱིབས་དོན་འཁྱོལ་བྱས་ཡོད།

དེ་ཡང་སློབ་གྲྭའི་སྤྱིའི་ས་ཁྱོན་ལ་སྨི་གྲུ་བཞི་མ25768དང་བཟོ་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ14621ཡོད་ལ། ད་ལྟ་སློབ་ཁུལ་གཉིས་ཀར་བསྡོམས་པས་སློབ་མ1452དང་འཛིན་གྲྭ32ཡོད་པ་དང་། དགེ་རྒན68དང་རྒྱབ་ཕྱོགས་བྱ་བའི་ལས་མི51བཅས་ཡོད་པའི་ཁྲོད། འཕྲང་དམར་བཅའ་སྡོད་སློབ་ཁུལ་དུ་སློབ་མ1126དང་འཛིན་གྲྭ25དང་དགེ་རྒན54ཡོད་ལ། མཆོད་རྟེན་གཞུང་སློབ་ཁུལ་དུ་སློབ་མ326འཛིན་གྲྭ7དང་། དགེ་རྒན14བཅས་ཡོད་ཀྱང་། འཕྲང་དམར་བཅའ་སྡོད་སློབ་ཁུལ་གྱི་ད་ཡོད་ཀྱི་འཛིན་གྲྭ25ཡི་སློབ་མ་ཚང་མ་བཅའ་སྡོད་བྱས་ཡོད། དེ་ལྟར་བཤད་པའི་མོད་ལ། ཁོས་ཕྱིར་དྲན་གྱི་ཚུལ་དུ་སྔོན་ཆད་འཕྲང་དམར་གྲོང་རྡལ་གྱི་མིང་ལ་ཤར་ལུང་ཞང་དུ་འབོད་ཀྱང་། དེའི་མངའ་འོག་ཏུ་འབྲོག་ཁུལ་རྐྱང་རྐྱང་སུ་གནས་པའི་སློབ་གྲྭ་བདུན་ཡོད་པར། གཅིག་ནས་སློབ་གྲྭའི་ཆ་རྐྱེན་ཞན་པ་དང་གཉིས་ནས་དགེ་རྒན་གྱིས་མི་འདང་བ། གསུམ་ནས་མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་ཞན་པ་སོགས་ཀྱིས་རྐྱེན་པས་གནས་བབ་ཧ་ཅང་ཐབས་སྡུག་ཡིན་མོད། ཡིན་ཡང་དེང་སྐབས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་དང་། ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་འདེགས་རབ་དང་རིམ་པ་བྱས་པའི་འོག་དེ་རིང་གི་སློབ་གྲྭའི་རྣམ་པ་འདི་འདྲ་ཞིག་ཆགས་པ་ཡིན་ཞིང་། སློབ་གྲྭའི་ཆ་རྐྱེན་སྔོན་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་རྒྱས་ཇེ་ལེགས་སུ་སོང་སྟེ། སྤྱིར་བཏང་གི་སློབ་ཆུང་ཞིག་ལ་ཚང་དགོས་པའི་རྩ་འཛུགས་སྡེ་ཁག་ཡོངས་སུ་རྫོགས་པ་ཚང་པར་མ་ཟད། སློབ་གྲྭ་ཡོངས་སུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་སློབ་མ420ཡོད་ལ། སློབ་གྲྭའི་སྤྱིའི་མི་གྲངས་གི29%ཟིན་ཡོད། ད་ལྟ་སློབ་མ་ཚོས་འཚོ་བཅུད་ལེགས་བཅོས་འཆར་གཞིའི་རོགས་དངུལ་དང་སློབ་གྲྭ་ཆུང་འབྲིང་གི་སྤྱི་སྤྱོད་གྲོན་དངུལ། བཅའ་སྡོད་སློབ་མའི་སྤྱི་སྤྱོད་གྲོན་དངུལ་དང་འཚོ་བའི་ཁ་གསབ་དངུལ། དམིགས་བསལ་སློབ་གསོ་སློབ་མའི་སྤྱི་སྤྱོད་གྲོན་དངུལ་སོགས་གོང་རིམ་གྱི་རོགས་སྐྱོར་སྲིད་ཇུས་སྣ་མང་ལོངས་སུ་སྤྱོད་ཐུབ་ཀྱིན་ཡོད་པ་དང་།  ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་མ80རེ་ལ་བྱིས་སྙོར་པ་རེ་བཀོད་སྒྲིག་བྱས་ཏེ། སློབ་མ་ཚོའི་མལ་ཁང་གཙང་སྦྲ་དང་མལ་སྟན། ལྭ་བ་སོགས་བཀྲུ་བའི་ལས་ཀ་སྒྲུབ་ཀྱིན་ཡོད་ལ། ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་སློབ་མ200རེ་ལ་མལ་ཁང་དོ་དམ་པ་རེ་བཀོད་སྒྲིག་བྱས་ཏེ་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བདག་སྐྱོང་ལས་འགན་འཁུར་དུ་བཅུག་ཡོད། དེ་མིན་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ལོ་རེ་བཞིན་དགེ་རྒན་གྱི་སྤུས་ཚད་མཐོར་འདེགས་བཏང་སྟེ། རིག་ཚན་ཁག་ལ་ཆེད་ལས་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་ཡོད་པས། སློབ་གསོའི་སྤུས་ཚད་སྔར་ལས་བླ་ལྷག་ཏུ་འཕེལ་ཡོད་ཅེས་སྤོབས་པའི་ཉམས་དང་བཅས་བཤད།

སློབ་གྲྭས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། འོས་འགན་སློབ་གསོའི་སློབ་ཞུགས་ཆུ་ཚད་མཐོར་འདེགས་གཏོང་བར་ནུས་ལྡན་སྒོས་འགན་སྲུང་བྱས་ཡོད་ལ། སྐད་གཉིས་སློབ་གསོ་གཏིང་ཟབ་ཏུ་བཏང་ཞིང་སློབ་ཁྲིད་ཀྱི་སྤུས་ཀ་ལེགས་འཛིན་བྱས་ཏེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཁོངས་ཀྱི་འོད་དུ་འཚེར་བའི་ཤེས་བྱའི་ལྡིང་ཁང་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།