གནད་ཁེལ་དབུལ་སྐྱོར་གྱིས་མང་ཚོགས་ཀྱི་སེམས་ལ་དྲོད་འཁོལ་སྦྱིན།

——ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱིས་གནད་ཁེལ་དབུལ་སྐྱོར་བྱས་པའི་གནས་ཚུལ་རགས་བཀོད།    

ཟླ4པའི་ཚེས10ཉིན་གྱི་སྔ་དྲོར་ང་ཚོ་གསར་འགོད་པའི་ཚོགས་པ་ཁྲི་ཀ་རྫོང་དུ་སླེབས་ཤིང་། ཟླ་བཞི་པའི་ཁྲི་ཀ་རྫོང་དུ་མེ་ཏོག་སྣ་ཚོགས་རྣམ་པར་བཞད་པ་དང་། ཞིམ་ངད་དྲི་བསུང་ཕྱོགས་བཞིར་ཁྱབ་པས། ཕྱོགས་བཞིའི་མགྲོན་པོ་མང་པོའི་ཡིད་སེམས་དབང་མེད་དུ་བཀུག་འདུག ང་ཚོས་ཀྱང་ག་ས་གང་དུ་ལི་སྡོང་དང་ཁམ་སྡོང་མེ་ཏོག་ཁྲ་ལམ་མེར་བཞད་པའི་ཡུལ་གྲུ་འདིའི་ལོ་གཅིག་རིང་གི་ཆེས་མཛེས་པའི་དུས་སྐབས་འདི་ལོངས་སྤྱོད་བྱེད་བཞིན་རྫོང་མཁར་དང་བར་ཐག་སྤྱི་ལེ18ཙམ་གྱིས་ཆོད་པའི་འཕྲང་དམར་གྲོང་རྡལ་དུ་ཆས།

འཕྲང་དམར་གྲོང་རྡལ་ནི་བོད་རིགས་གཙོ་བྱས་པའི་རྒྱ་བོད་ཧོར་ཧུའེ་བཞི་འདུས་སྡོད་བྱས་པའི་ས་ཁུལ་ཞིག་ཡིན་ལ།གྲོང་རྡལ་དེར་བསྡོམས་པས་སྡེ་བ25ཡོད་པ་དང་།དེའི་ནང་དུ་ཞིང་ལས་སྡེ་བ16དང་ཕྱུགས་ལས་སྡེ་བ9ཡོད།གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་དང་ཞིང་ཆེན།གཞན་ད་རུང་ཁུལ་དང་རྫོང་རིམ་པ་བཅས་ཀྱི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་ལྟར།གནད་དུ་ཁེལ་བའི་སྒོ་ནས་དབུལ་པོ་ངོས་འཛིན་པ་དང་ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་དབུལ་སྐྱོར་སྲིད་ཇུས་ལག་ཏུ་བསྟར་བ།དབུལ་སྐྱོར་བྱ་ཡུལ་ལ་འགུལ་རྣམ་དོ་དམ་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་རྡལ་ཡོངས་ཀྱི་གནད་ཁེལ་དབུལ་སྐྱོར་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས།དབུལ་སྐྱོར་གྱི་བྱ་བ་སྣ་ཚོགས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

“གྲོང་རྡལ་འདི་ནི་ཞིང་ཆེན་ཡོངས་ཀྱི་དབུལ་ནག་ཞང་གི་གྲས་སུ་བཞག་ཡོད་པས།སྔོན་ཆད་ཡིན་ན་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་ཞན།ཡིན་ན་ཡང་ཉེ་བའི་ལོ་འདི་འགར་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས།ནུས་ཤུགས་དང་སེམས་ཤུགས་ཡོད་ཚད་ཀྱིས་དམངས་འཚོ་བྱ་བར་གཅིག་གྱུར་སྐུལ་འདེད་བྱས་ཤིང་།ཞིང་ཕྱུགས་ལས་ལེགས་སྒྲུབ་བྱེད་པའི་རིགས་ལམ་གྱིས་ཞིང་ཕྱུགས་ཐད་ཀྱི་བྱ་བ་དམ་འཛིན་དངོས་འབེབས་བྱས་པས།གྲོང་རྡལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ཡོད”ཅེས་ཀྲིན་ཀྲང་དཀོན་མཆོག་ནོར་བུས་ང་ཚོར་དེ་ལྟར་མཚམས་སྦྱོར་བྱེད་ཞོར།འཕྲང་དམར་གྲོང་རྡལ་གྱི་གནད་ཁེལ་དབུལ་སྐྱོར་བྱེད་པའི་བརྒྱུད་རིམ་རིམ་གྱིས་གླེང་བྱུང་།ད་ལྟ་དབུལ་ཕོངས་ཁྱིམ་ཚང་རེར་འབྲུ་རིགས་ཐད་ཀྱི་ཁ་གསབ་མ་དངུལ་དང་རྨོ་བསྐྱུར་རྩྭ་སྐྱོང་གི་ཁ་གསབ།ཕྱུགས་བཀག་ཁ་གསབ།རྩྭ་ཐང་དོ་མཉམ་ཁ་གསབ་སོགས་ཀྱི་ཡོང་འབབ་ལོ་རེར་སྒོར་ཁྲི་གཅིག་ལྷག་ཡོད་ལ།དེས་མི་ཚད་ད་རུང་གྲོང་རྡལ་ཡོངས་སུ་བསྡོམས་པས་ནགས་ཚལ(རྩྭ་ཐང)བདག་སྐྱོང་པ909ཡོད་པ་དེ་དབུལ་ཕོངས་ཁྱིམ་ཚང་ཡོངས་ལ་ཁེབས་ཡོད་པས།ཁྱིམ་ཚང་རེས་ལོ་རེར་སྲིད་ཇུས་ཀྱི་ཁེ་བཟང་སྒོར་ཁྲི2.16རེ་ལོངས་སྤྱོད་བྱེད་ཆོག ན་ནིང་འཕྲང་དམར་གྲོང་རྡལ་གྱིས་ད་རུང་ཕྱུགས་ལས་སྡེ་བ་དགུ་ཡི་དབུལ་ཕོངས་ཁྱིམ་ཚང་ཡོངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས།གནས་སྤོ་བའི་ཆ་རྐྱེན་འཛོམས་པར་མ་ཟད་གནས་སྤོ་བའི་འདུན་པའང་ཡོད་པའི་དབུལ་ཕོངས་ཁྱིམ་ཚང350གནས་སྤར་བ་དང་།དེ་དག་གི་རྗེས་མཐུད་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་མུ་མཐུད་དུ་དོ་སྣང་བྱས་ཏེ།ཁོ་ཚོར་ལས་ཀ་འཚོལ་རོགས་བྱས་པ་དང་རྩལ་ནུས་གསོ་སྦྱོང་བྱས་པར་མ་ཟད།ཞིང་ཆེན་ཕྱི་ནང་གི་ངལ་རྩོལ་པ་མཁོ་བའི་ཁེ་ལས་དང་འབྲེལ་གཏུག་བྱས་ནས།ཐོན་ལས་རིགས་བསྒྱུར་དང་ངལ་རྩོལ་པ་ལྷག་མ་ལས་ཀར་ཞུགས་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ཞིང་།ངལ་རྩོལ་པ་ཕྱིར་གཏོང་བྱས་པར་བརྟེན་ནས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་གཏོང་ཅི་ཐུབ་བྱས་པས།དབུལ་ཕོངས་ཁྱིམ་ཚང681གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད།

“ལོ་ངོ་གསུམ་ལྷག་གི་རིང་ལ་འཕྲང་དམར་གྲོང་རྡལ་གྱིས་བསྡོམས་པས་སྒོར་དུང་ཕྱུར17ལྷག་བཏང་ནས།སྡེ་བ་རིམ་པའི་ཆུ་གློག་ལམ་གསུམ་གཙོ་བྱས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་བཅོས་བྱས་པས།ད་ལྟ་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་རེ་རེ་སྡེ་བའམ་ཁྱིམ་ཚང་རེ་རེའི་སྒོ་ཁར་ཐོན་ཡོད་པ་དང་།རང་འབབ་ཆུ་འབྲོག་ཁྱིམ་རེ་རེར་འཐེན་ཡོད་ལ།གློག་འཐེན་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད་པར་མ་ཟད།སྡེ་བ་རེ་རེར་འཕྲོད་བསྟེན་ཁང་གཅིག་རེ་དང་སྨན་པ་གཅིག་རེ་བཀོད་སྒྲིག་བྱས་ཡོད་པས་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆུ་ཚད་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་ཀྲིན་ཀྲང་དཀོན་མཆོག་ནོར་བུས་དེ་ལྟར་བཤད་པའི་མོད་ལ་གདོང་ལ་གཟི་བརྗིད་ཀྱི་མདངས་ཤིག་ཤར་ཡོད།

ཀྲིན་ཀྲང་དང་ཁ་བརྡ་ཅུང་ཙམ་བྱས་རྗེས་གྲོང་རྡལ་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཡོན་ཡེའི་འགྲོ་རོགས་འོག་ང་ཚོ་རྒྱ་ཚ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གུ་རུ་རྡོ་རྗེ་ཚང་ལ་སོང་བ་ན།གུ་རུ་རྡོ་རྗེའི་བཟའ་ཟླ་སྒྲོལ་མ་མཚོས་མྱུར་དུ་ང་ཚོའི་མདུན་བསུས་ནས“ཉིན་འདི་འགར་སྡེ་བའི་ནང་གི་མི་རྣམས་ཁང་པ་ལས་རོགས་ལ་ཡོང་ན།སྔུན་ལ་འཇོག་རྒྱུ་ཞིག་ཀྱང་མེད་པས།དེ་རིང་ངེད་གཉིས་ཀྱིས་ཕག་ཅིག་བཤས་པ་ཡིན།ཁྱེད་ཚོ་དེ་རུ་སྡོད་དང་།དེ་རིང་གི་ཕག་ཤ་གསར་པ་ཡིན་པས།ཁྱེད་ཚོས་བྲོ་བ་ཞིག་མྱོངས”ཟེར་ཞོར་ཕག་ཤ་སྡེར་མ་གང་ཁྱེར་ཡོང་ནས་ང་ཚོའི་མདུན་དུ་བཞག་རྗེས། ང་ཚོར་འདྲི་དབང་མི་སྟེར་བར་ཁོ་ཚང་གི་གནས་ཚུལ་ཆུ་བཞུར་བཞུར་བྱས་ཏེ་བཤད་བྱུང་།སྔོན་ཆད་མོའི་ཕ་མ་གཉིས་ཀ་ལོ་ན་མཐོ་བར་མ་ཟད་ནད་ཀྱིས་མནར་ཏེ་ཡུན་རིང་པོར་མལ་སར་ལྷུང་བའི་ཁར།མོ་རང་ཉིད་ལའང་གཟའ་གྲིབ་ཕོག་པས་འཚོ་བ་རོལ་ཐབས་མེད་པའི་གནས་སུ་ལྷུང་ཞིང་།སྐབས་དེར་མནའ་མས་ཀྱང་ལོ་ན་ཆུང་བའི་ཚ་བོ་བསྐྱུར་ཏེ་ཕྱིར་བུད་སོང་།གཞུག་ནས་ཕ་མ་གཉིས་ཀ་གཅིག་རྗེས་གཉིས་མཐུད་ཀྱིས་ཚེ་ལས་འདས་པས།ད་ལྟ་ཁོ་ཚང་ལ་ཁོ་བཟའ་ཟླ་གཉིས་ཀྱི་ཁར་བུ་དང་ཚ་བོ་བསྣན་པའི་བཟའ་མི་བཞི་ལས་མེད།“2015ལོར་སྲིད་གཞུང་གིས་སྒོར་ཁྲི2.5ཡི་རོགས་སྐྱོར་བྱས་པ་ལ་བརྟེན་ནས་ད་ལྟའི་སྡོད་ཁང་གསར་པ་འདི་ལས་པ་ཡིན།སྔོན་ཆད་ངེད་ཚང་གི་སྡོད་ཁང་ཧ་ཅང་ཐབས་ཆག་ཡིན་པས།དབྱར་ཁར་ཆར་བ་འབབ་ཐེངས་རེར་ཐིགས་ཆུ་བབས་ཏེ་ཞག་གང་པོར་གཉིད་མི་ཐུབ།གོང་མ་དྲིན་ཅན་པོའི་བཀའ་དྲིན་ལ་སྡོད་ཁང་གསར་པ་འདི་འདྲ་ཞིག་གི་ནང་དུ་འདུག་ཐུབ་པ་བྱུང་བས།སྡོད་ཁང་གསར་པའི་ནང་དུ་གནས་སྤར་རྗེས་ངའི་སེམས་ལ་ཕ་མ་གཉིས་ཀ་ལོ་གཅིག་ལྷག་ལ་འཚོ་བཞེས་བྱས་ཡོད་རྒྱུ་ནའང་སྡོད་ཁང་གསར་པ་འདི་མཐོང་ཡོད་ནི་རེད་བསམས་ནས.......”ཞེས་མིག་མཐར་མཆི་མ་འཁོར་བཞིན་མགོ་བོ་བསྒུར་ཏེ་མིག་ཆུ་ཕྱིས་ཤིང་།ཅུང་ཙམ་འགོར་རྗེས་ཡང་བསྐྱར་མགོ་ཡར་དགྱེ་ནས་མུ་མཐུད་དུ་བཤད་རྒྱུར།“སྔོན་ཆད་ཡིན་ན་ངེད་ཚང་ལྟ་བུའི་དབུལ་ཕོངས་ཁྱིམ་ཚང་ཞིག་གིས་དངུལ་བུན་ལེན་རྒྱུ་ནི་ཡིད་ལའང་དྲན་མི་ཐུབ་མོད།འོན་ཀྱང་དེང་སྐབས་དབུལ་སྐྱོར་གྱི་སྲིད་ཇུས་ཡག་པོ་འདིའི་བཀའ་དྲིན་ལ་ངེད་ཚང་གིས་ཀྱང་སྐྱེད་ཀ་མེད་པའི་དངུལ་བུན་ལེན་ཐུབ་སོང་།གཞེ་ནིང་ལོར་སྒོར་ཁྲི་བཞི་ཡི་དངུལ་བུན་བླངས་ནས་ངེད་བཟའ་ཟླ་གཉིས་ཀྱིས་ལུག50ལྷག་ཉོས་པ་དང་།ལོ་གཅིག་ལྷག་ལ་གསོས་ཏེ་ན་ནིང་ཕྱིར་བཙོངས་པས་བུ་ལོན་ཡོངས་རྫོགས་གསབ་ཚར་བར་མ་ཟད་ད་རུང་སྒོར་ཁྲི3ལྷག་དངུལ་ཁང་དུ་འཇོག་རྒྱུ་ཡོད་སོང་བས།ངའི་སེམས་ལ་ངོ་མ་དགའ་རྒྱུ་སྐྱོ་རྒྱུ་གཉིས་ཀ་བྱུང”ཟེར་བཞིན་ཡང་བསྐྱར་མགྲིན་པ་བརྣངས་ཏེ་སྐད་ཆ་བཤད་མ་ཐུབ་པས་ངའི་མིག་མཐར་ཡང་རང་དབང་མེད་པར་མཆི་མ་འཁོར་བྱུང་།“ད་ལྟ་བུས་རྫོང་ཐོག་ཏུ་ཞོར་ལས་གཉེར་གྱིན་ཡོད་ལ།ན་ནིང་ནས་བཟུང་རྒད་པོ་ཡང་རྩྭ་ཐང་བདག་སྐྱོང་པའི་ནང་དུ་བཞག་ཡོད་པས་ཟླ་རེར་སྒོར1800རེ་འབབ་རྒྱུ་ཡོད་པ་དང་།དེའི་ཁར་མ་མཐའི་འཚོ་བའི་འགན་སྲུང་གི་དངུལ་དང་འབྲུ་རིགས་ཐད་ཀྱི་གསབ་དངུལ།རྩྭ་ཐང་དོ་མཉམ་གྱི་ཁ་གསབ་དང་ཕྱུགས་བཀག་ཁ་གསབ་སོགས་བསྣན་ན་ལོ་རེར་སྒོར་ཁྲི2ལས་བརྒལ་བའི་ཡོང་སྒོ་ཡོད་པས།ད་ལྟའི་འཚོ་བ་སྔོན་ཆད་དང་བསྡུར་ན་ངོ་མ་ལྡབ་འགྱུར་གྱིས་ཇེ་བཟང་ལ་སོང་ཡོད”ཅེས་བཤད་སྐབས་མོའི་གདོང་ལ་ད་གཟོད་དགའ་ཞིང་བློ་བདེ་བའི་མཛུམ་མདངས་ཤིག་ཤར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།