ཨ་མྱེས་ཤ་བོའི་འདབས་ཀྱི་མེས་པོའི་ཁྱད་ནོར།——ཤུག་རིའི་ནས་ཆང་།

res01_attpic_brief.jpg

ལས་བཟོ་པས་དེང་རབས་ཀྱི་ཡོ་བྱད་ལ་བརྟེན་ནས་ནས་ཆང་གི་ཏུའུ་གྲངས་འཇལ་བཞིན་པ།

res04_attpic_brief.jpg

ཐོན་རྫས་ནས་ཚོང་རྫས་སུ་གྱུར་པའི་ཤུག་རིའི་ནས་ཆང་།

ཤུག་རིའི་ནས་ཆང་གི་རྒྱུ་ཆ་གཙོ་བོ་ནི་ས་གནས་དེ་ལས་ཐོན་སྐྱེད་བྱས་པའི་ལྷད་མ་འདྲེས་པའི་ནས་ནག་ཡིན་པ་དང་། ས་དེའི་ཆུ་དང་མཁའ་དབུགས་དྲོད་གྲང་སོགས་ལ་ས་ཆ་གཞན་ལས་ཐུན་མིན་གྱི་ཁྱད་ཆོས་ལྡན། གཞན་ཤུག་རིའི་ནས་ཆང་ནི་ཡབ་མེས་གོང་མ་དག་ནས་བརྒྱུད་ཡོང་བའི་སྲོལ་རྒྱུན་གྱི་ཆང་སྙལ་སྟངས་དང་འཚག་ཐབས་སོགས་ལ་བརྟེན་ནས་བཙགས་པ་ཡིན་པས། ཤུག་རི་སྡེ་བའི་ནས་ཆང་གི་སྙན་པའི་གྲགས་པ་གང་སར་རྒྱས་ཡོད་ལ། ལམ་ཐག་རིང་པོའི་དཀའ་ངལ་ལ་མ་འཛེམས་པར་ཆེད་དུ་ཤུག་རི་སྡེ་བར་ནས་ཆང་ཉོ་རུ་ཡོང་མཁན་ཡང་ཤིན་ཏུ་མང་།

ཤུག་རི་སྡེ་བ་ནི་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་ཀ་རིང་བོད་རིགས་ཞང་གི་ཁོངས་སུ་གཏོགས་ཤིང་། ཞུན་ཧྭ་རྫོང་དང་གཅན་ཚ་རྫོང་། ཧྭ་ལུང་རྫོང་བཅས་ཀྱི་འབྲེལ་མཚམས་ཀྱི་གནས་རི་གྲགས་ཅན་ཨ་མྱེས་ཤ་བོའི་འདབས་སུ་ཆགས་ཡོད་ལ། ཤུག་རི་སྡེ་བའི་ས་ཞིང་ནི་རི་མའི་ས་ཞིང་རྐྱང་རྐྱང་ཡིན་པ་དང་ས་བབ་ཅུང་མཐོ་བས། ཐོན་སྐྱེད་ཀྱི་འབྲུ་རིགས་གཙོ་བོ་ནི་རི་མ་ས་ཁུལ་དང་འཚམས་པའི་ནས་ནག་དང་ཟར་མའི་རིགས་ཡིན། ནས་ནག་མང་བར་བརྟེན་སྡེ་བ་དེར་གནའ་ནས་ཆང་འཚག་པའི་སྲོལ་དར་ཡོད། ལོ་ལོན་རྒན་རྒོན་འགས་མཚམས་སྦྱོར་བྱས་པ་ལྟར་ན་ཤུག་རི་སྡེ་བའི་ནས་ཆང་ལ་ལོ་ངོ700ལྷག་གི་ཡུན་རིང་བའི་ལོ་རྒྱུས་ལྡན་པ་རེད།

ཤུག་རིའི་ནས་ཆང་ནི་གནའ་སྔ་མོའི་དུས་ནས་བཟུང་ཤུག་རིའི་སྡེ་བའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད་ནའང་། འགྲིམ་འགྲུལ་སྟབས་བདེ་མིན་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཞན་པ་སོགས་ཕྱི་ནང་གཉིས་ཀའི་རྒྱུ་རྐྱེན་དུ་མའི་དབང་གིས། ཆང་བཙགས་རྗེས་གཞན་ལ་ལེགས་སྐྱེས་སུ་སྟེར་བའམ། ཡང་ན་རང་ས་གནས་ནང་ཁུལ་ནས་ལོ་གསར་གྱི་སྐབས་དང་གཉེན་སྟོན་སོགས་ཀྱི་སྐབས་སུ་སྐབས་རེར་ཕན་ཚུན་བར་ཉོ་ཚོང་བྱེད་པ་ལས། ཕྱི་ཕྱོགས་སུ་སྒོ་ཕྱེ་སྟེ་ཚོང་ར་ཅན་གྱི་རྣམ་པའི་ཕྱོགས་སུ་འཕེལ་མ་ཐུབ་པར་ཡུན་རིང་འགོར། གསར་འགོད་པས་སྔོན་ཆད་ཤུག་རིའི་ནས་ཆང་ཕྱིར་འཚོང་བྱས་པའི་གནས་ཚུལ་དང་རིན་གོང་སོགས་ག་འདྲ་ཡིན་ཚུལ་དྲིས་པ་ན། ཀྲུང་གོ་གསར་པ་དབུ་མ་བརྙེས་པའི་གོང་རོལ་ཏུ་སྐྱེས་ཤིང་། ད་ལོར་ལོ71ལ་བུད་པའི་སྤོ་བོ་སངས་རྒྱས་རྒྱ་མཚོས་འདས་སོང་གི་ལོ་ཟླ་ལ་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། “ང་རང་ཆུང་དུས་སུ་རང་ཁྱིམ་ནས་བཙགས་པའི་ཆང་རང་གིས་འཐུང་བའམ་མགྲོན་པོ་སོགས་ལ་ལེགས་སྐྱེས་སུ་སྟེར་བ་ལས་གཞན་ལ་བཙོང་བའི་སྲོལ་མེད་པ་འདྲ། ཉོ་མཁན་ཡང་མི་འདུག རྗེས་སུ་རིམ་བཞིན་ཉོ་མཁན་འགའ་རེ་བྱུང་ལ། སྐབས་དེ་དུས་ཆང་རྒྱ་མ་གང་ལ་སྒོར་གཉིས་རེ་རེད།” སྔོན་ཆད། ཤུག་རི་སྡེ་བའི་སྡེ་མི་རྣམས་ཀྱིས་ནས་ཆང་ནི་རང་ས་གནས་སུ་གདོད་མ་ནས་ཡོད་པའི་སྤྱིར་བཏང་གི་བཏུང་ཆུའམ་ཐོན་རྫས་ཤིག་ཏུ་འདོད་པ་ལས། དུས་ནམ་ཞིག་གི་ཚེ་ན་དེ་ཉིད་སྡེ་མི་རྣམས་ཀྱི་ཡོང་སྒོ་འཕར་བྱེད་ཀྱི་ཚོང་རྫས་ཤིག་ཏུ་འགྱུར་སྲིད་པ་སེམས་སུའང་དྲན་མྱོང་མེད།

ད་ལྟའི་དུས་རབས་གསར་པར། སྲོལ་རྒྱུན་གྱི་ལག་རྩལ་བོར་མེད་ཅིང་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་ལྷད་མ་འདྲེས་པའི་ལྗང་མདོག་ཐོན་རྫས་དག་ལ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱིས་ཀྱང་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད་པས། དུས་རབས་གསར་པར་ཤུག་རིའི་ནས་ཆང་ལའང་སྔར་མེད་ཀྱི་གསོན་ཤུགས་རྒྱས་ཏེ། སྔ་མའི་སྤྱིར་བཏང་གི་ཐོན་རྫས་ཤིག་ནས་ད་ལྟའི་ཚོང་རྫས་སུ་འགྱུར་བ་བྱུང་ཡོད་དེ། ཀ་རིང་ཞང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་དུ་གྱུར་པའི་ཞིང་ཆེན་དྲིལ་སྒྲོག་པུའུ་ཡིས་སྒོར་ཁྲི30དང་། མཚོ་ཤར་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་སྒོར་ཁྲི20ཡིས་རོགས་སྐྱོར་བྱས་པ་དང་། ཞིང་སྡེའི་ཡིད་རྟོན་དངུལ་ཁང་ནས་སྔ་གཞུག་ཏུ་དངུལ་བུན་སྒོར་ཁྲི20བསྐྱིས་ལ། དེའི་ཁར་སྡེ་བ་ཧྲིལ་པོའི་ཁྱིམ་ཚང54ཡིས་ཁྱིམ་ཚང་རེས་སྒོར་སྟོང་གཅིག་རེའི་མ་རྐང་བཞག་ཅིང་། ཀུང་སིའི་མགོ་འཛིན་མཁན་ཁྱིམ་ཚང5ཡིས་བསྡོམས་པས་མ་རྐང་སྒོར་ཁྲི30བཞག་སྟེ། 2014ལོར་ཞུན་ཧྭ་རྫོང་ཤུག་རི་ནས་ནག་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་། ཀུང་སི་དེ་ནི་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བཙུགས་པ་ཞིག་ཡིན་པས་ཤུག་རིའི་ནས་ཆང་ལ“མཐོ་སྒང་གི་དབུལ་སྐྱོར་ནས་ཆང”ཞེས་ཀྱང་འབོད། ཀུང་སིའི་ཐོ་འགོད་མ་དངུལ་སྒོར་ཁྲི100ལ་སླེབས་ཡོད། ད་ལྟ་ཀུང་སི་རུ་ཆང་འཚག་ས་དང་ཉར་ཚགས་བྱེད་ས། ཆང་དམ་བུ་ནང་དུ་བླུགས་ཏེ་ཤོག་ཐུམ་རྒྱག་ས་སོགས་རེ་རེ་བཞིན་ཡོད་པར་མ་ཟད། ཆང་འཚག་པར་ཚང་དགོས་པའི་སྒྲིག་ཆས་ཀྱང་ཆ་ཚང་འཛོམས་ཡོད།

སྡེ་མི་རྟ་མགྲིན་ཚེ་རིང་ནི་ཀུང་སིའི་མགོ་འཛིན་མཁན་གཙོ་བོ5གྲས་ཀྱི་གཅིག་ཡིན་ལ། ཁོས་མཚམས་སྦྱོར་བྱས་པ་ལྟར་ན། ཀུང་སིས་ཤུག་རི་སྡེ་བའི་ཁྱིམ་ཚང་དག་ལས་ནས་ཆང་རྒྱ་མ་གང་ལ་སྒོར15རེ་བྱིན་ཏེ་ཚུར་སྡུད་བཞིན་ཡོད་པ་དང་། ཚུར་བསྡུས་རྗེས་ཀུང་སིས་དྭངས་སྙིགས་འབྱེད་བྱེད་ཀྱི་འཕྲུལ་ཆས་ལ་བརྟེན་ནས་ཆང་ལ་སྙིགས་དོར་བཅུད་ལེན་བྱེད་པ་དང་། ཆང་གི་ཏུའུ་གྲངས་སྔ་མ་ལས་ཇེ་མཐོར་བཏང་སྟེ། སྤུས་ལེགས་ཅན་གྱི་ནས་ཆང་གཞི་ནས་ཚོང་རར་འཚོང་བཞིན་ཡོད་པར་བཤད། ཤོག་ཐུམ་བརྒྱབ་པའི་ནས་ཆང་སྤུས་ལེགས་ཅན་ཤོག་སྒམ་གཅིག་ལ་སྒོར165ལྟར་ཕྱིར་འཚོང་བྱེད་བཞིན་ཡོད། ཆང་བཙགས་པ་ནི་ཤུག་རི་སྡེ་བའི་ཡུལ་འདུག་བུད་མེད་དང་ལོ་ལོན་རྒན་རྒོན་དག་གི་ལས་ཀ་ཡིན་ཞིང་། ཆང་བཙགས་པར་མཁས་པའི་ཁྱིམ་ཚང་རེས་ལོ་རེར་ཆང་རྒྱ་མ་སྟོང2རེ་བཙགས་ཐུབ་པ་དང་དེའི་ཡོང་སྒོ་སྒོར་ཁྲི3ལྷག་ཡོད་ལ། ཆེས་ཉུང་ནའང་ཁྱིམ་ཚང་རེས་སྒོར་ཁྲི1ལྷག་ལེན་ཐུབ་པས། ནས་ཆང་ནི་ཤུག་རི་སྡེ་བའི་ཡོང་སྒོའི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད།

འབྲེལ་ཡོད་ཀྱི་ཆོག་མཆན་ཡི་གེ་ཆ་ཚང་བླངས་མེད་པར་བརྟེན། ད་ལོའི་བར་དུ་ཀུང་སིས་ནས་ཆང་ཞུན་ཧྭ་རྫོང་ནང་ཁུལ་ལས་ཕྱི་ཕྱོགས་སུ་དེ་འདྲ་མང་པོ་ཞིག་བཙོང་ཐུབ་མེད་མོད། ད་ལོར་ཀུང་སིས་ཤུག་རི་ནས་ཆང་ཕྱིར་ཚོང་རར་བཀྲམ་ཆོག་པའི་འབྲེལ་ཡོད་ཀྱི་ཆོག་མཆན་ཡི་གེ་ཆ་ཚང་བླངས་པས། མ་འོངས་པ་ན་ལྷད་མ་འདྲེས་པའི་ཤུག་རིའི་ནས་ཆང་གི་ཚོང་ར་སྔར་ལས་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྱུར་སྲིད་ཅིང་། ཤུག་རི་སྡེ་བའི་འཚོ་བའང་ནས་ཆང་ལ་བརྟེན་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ངེས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།