གྲོ་རེངས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་དབུལ་ཁྱིམ་ཕྱུག་སྒྱུར་གྱི་རྒྱབ་བརྟེན་དུ་གྱུར་པ།

ཉེ་ཆར། ང་ཚོ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འཆམ་མཐུན་བོད་ཁུལ་དུ་བསྐྱོད་པའི་བཅར་འདྲི་ཚན་ཆུང་གཉིས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་སོང་བ་ཡིན།ཡུལ་དེར་སླེབས་རྗེས་ས་དེའི་འབྲེལ་ཡོད་མི་སྣའི་བཀོད་སྒྲིག་འོག་རྨ་སྟོད་རྫོང་སྐྱ་རེངས་ཞང་གི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་སོང་སྟེ།གྲོ་རེངས་སྡེ་བའི་ཁངས་ཆག་གི་གནོད་འཚེ་དང་མཉམ་ལས་ཁང་གི་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན།

གྲོ་རེངས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་སྒོ་ཁར་སླེབས་པ་ན།ན་ཚོད་དར་ལ་བབས་པའི་གཞོན་ནུ་ཞིག་གིས་མཉམ་ལས་ཁང་གི་རྫི་བོར་ལུག་ཁྱུ་ལྷས་ར་ནས་སྒོར་གཏོང་རོགས་བྱེད་བཞིན་འདུག་ལ།ཁོ་ནི་གྲོ་རེངས་སྡེ་བའི་སྡེ་སྡོག་ལས་བྱེད་པ་ཞི་ཁྲོ་སྐྱབས་རེད།ཁོས་བཤད་རྒྱུར།2018ལོའི་ཟླ11པ་ནས2019ལོའི་ཟླ3པའི་བར་རྨ་སྟོད་རྫོང་དུ་ཁྱོན་བསྡོམས་ཁངས་ཆེན་ཐེངས6ལ་བབས་པ་དང་།ཁངས་ཆག་གི་གནོད་འཚེའི་འོག་གྲོ་རེངས་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་གི་ལུག200ཡས་མས་ཤི་སྟེ།མཉམ་ལས་ཁང་ལ་གྱོང་གུད་མི་ཉུང་བ་ཐེབས།

རྨ་སྟོད་རྫོང་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག་སྐྱ་རེངས་ཞང་གི་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་རྫོང་ཞིང་ཕྱུགས་ཅུས་ནས་འབྱོར་བའི་གཟན་རྩྭ་དང་གཟན་ཆས་འབྲོག་ཁྱིམ་རྣམས་ཀྱི་སྒོ་ཁ་རུ་འབྱོར་བར་བྱ་བ་གང་ལེགས་བསྒྲུབས།གྲོ་རེངས་སྡེ་བའི་མཉམ་ལས་ཁང་དུ་ད་བར་གཟན་ཆས་ཏུན25དང་།རྩྭ་ཤོག1500ཡིས་རྒུད་སྐྱོབ་བྱས་ཡོད།དེ་ལས་གཞན་གྲོ་རེངས་སྡེ་བའི་ཧྲུའུ་ཅི་དང་།ཏང་ཡོན། སྐྱེ་ཁམས་བདག་སྐྱོང་མཁན། ནགས་སྲུང་སོགས་སྤྱི་ཕན་ལས་གནས་སྟེང་ཡོད་པའི་ལས་བྱེད་པ་བཅས་ཀྱིས་ཀྱང་། ཞང་སྡེ་སོ་སོའི་བར་གྱི་གཞུང་ལམ་སྟེང་གི་ཁ་བ་དེད་དེ་མང་ཚོགས་འགྲོ་འོང་གི་འགྲིམ་འགྲུལ་ལ་སྟབས་བདེ་བཟོ་རོགས་དང་།འབྲོག་ཁྱིམ་རེ་རེར་སོང་སྟེ་ཁངས་གནོད་བྱུང་བའི་གནས་ཚུལ་ཡར་ཞུ་སོགས་ཀྱི་བྱ་བ་ཧུར་ཐག་གིས་བསྒྲུབས་དང་སྒྲུབ་བཞིན་ཡོད།

གྲོ་རེངས་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་ནི2016ལོ་ནས་གཉེར་མགོ་བརྩམས་པ་ཡིན་ཞིང་།དེ་ནི་དབུལ་སྐྱོར་ལས་གཞིའི་མ་དངུལ་ལ་བརྟེན་ནས་བཙུགས་པ་ཞིག་རེད།སྐབས་དེར་དབུལ་སྐྱོར་མ་དངུལ་ཁྲི15ཡིས་མཉམ་ལས་ཁང་ལ་ལུག800ཉོས།གྲོ་རེངས་སྡེ་བར་ཁྱོན་བསྡོམས་ཁྱིམ་ཚང97ཡོད་པའི་ནང་།ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ44ཡོད་ལ།ཁོ་ཚོ་རྫོང་ཐོག་ཏུ་དབུལ་སྐྱོར་གནས་སྤོ་བྱས།2016ལོའི་ཟླ12པར་དབུལ་ཕོངས་ཁྱིམ་ཚང22དབུལ་ཕོངས་ལས་ཐར་བ་དང་།2018ལོའི་བར་དུ་མཉམ་ལས་ཁང་གི་ལུག་རྣམས་དབུལ་ཁྱིམ་མ་ཡིན་པའི་ཁྱིམ་ཚང་རྩྭ་ས་བཟང་པོ་ཡོད་མཁན་དག་གིས་འཚོ་སྐྱོང་བྱས་པས།ན་ནིང་ཁྱིམ་ཚང97ལ་མི་རེར་མཉམ་ལས་སྨན་བཅོས་སྒོར250དང་རྒན་གསོ་སྒོར100རེ་སྤྲད།

རྒྱུས་ལོན་པ་ལྟར་ན།ད་ལོ་ནས་བཟུང་།དབུལ་ཁྱིམ་དག་གི་རེ་བ་ལྟར་མཉམ་ལས་ཁང་གི་ལུག་འཚོ་བ་དེ་དབུལ་ཁྱིམ་རྣམས་ལ་སྤྲད་པ་ཡིན་ན་ཡོང་སྒོ་སྔར་ལས་བཟང་རབས་བཤད་པས་ཁོ་ཚོའི་རེ་བ་ལྟར་བསྒྲུབས། ལུག་འཚོ་སྟངས་ཐད་ནས་དབུལ་ཁྱིམ་སུས་ཀྱང་ལུག་འཚོ་ཆོག་ལ་ལུག་འཚོ་ཡུན་གྱི་དུས་ཚོད་ལ་གཏན་འཁེལ་མེད།ཡིན་ནའང་ཉུང་མཐར་ལོ་གཅིག་ལ་ལུག་འཚོ་བའི་གན་རྒྱ་འཇོག་དགོས།ཞི་ཁྲོ་སྐྱབས་ཀྱིས་བཤད་རྒྱུར།གལ་ཏེ་དབུལ་ཁྱིམ་ཞིག་གིས་ལུག400འཚོ་བའི་དབང་དུ་བཏང་ན།མ་མོ400རྗེས་ཀྱི་ལུ་གུ400དང་།ལོ་དེའི་བལ་དང་རིལ་མའི་ཡོང་སྒོ་ཚང་མ་ལུག་རྫི་ལ་དབང་ཞིང་།ལོ་རེར་མཉམ་ལས་ཁང་ལ་མ་མོ400དེ་བོར་བརླག་གཅིག་ཀྱང་མི་འབྱུང་བར་སྤྲད་དགོས་པ་གཏན་འཁེལ་བྱས་ཡོད་པ་དང་།དེ་ལས་གཞན་ལུག་གཅིག་ལ་སྒོར100རེ་སྤྲད་དགོས།དེ་ལྟར་བྱས་ན་མཉམ་ལས་ཁང་ལ་ལོ་གཅིག་གི་ཁྱོན་བསྡོམས་ཡོང་སྒོ་སྒོར་ཁྲི4ལ་བུད་ཡོད་ཅིང་།དེའི་ནང་ནས་སྒོར་ཁྲི2དབུལ་ཁྱིམ་རྣམས་ལ་བགོ་བཤའ་བརྒྱག་པ་དང་།སྒོར་ཁྲི2ཀྱིས་མཉམ་ལས་ཁང་ལ་གཟན་རྩྭ་དང་གཟན་ཆས།རྩྭ་ས་བཅས་ཉོ་བའི་ཐད་བཀོལ་རྒྱུ་རེད།ཁོས་ང་ལ་དེ་ལྟར་ཁ་གསལ་གོ་བདེའི་ངང་མཉམ་ལས་ཁང་གི་ལུག་འཚོ་སྐྱོང་ཐད་ཀྱི་གནས་ཚུལ་ཞིག་ངོ་སྤྲོད་བྱས།2018ལོའི་ལོ་མཇུག་ཏུ་སླེབས་པ་ན་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་ཚང་མ་དབུལ་ཕོངས་ལས་ཐར།

མཇུག་མཐར།གྲོ་རེངས་སྡེ་བའི་སྡེ་སྡོད་ལས་བྱེད་པ་ཞི་ཁྲོ་སྐྱབས་ཀྱིས་བཤད་རྒྱུར།ང་ནི་གྲོ་རེངས་སྡེ་བའི་སྡེ་སྡོད་ལས་བྱེད་པ་དང་མཐོ་སྒང་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཅིག་ཡིན་པའི་ངོས་ནས་འབྲོག་པ་མང་ཚོགས་ཀྱི་ཞབས་ཞུ་པ་བཟང་པོ་ཞིག་ཏུ་འགྱུར་བའི་ཕུགས་བསམ་བཅངས་ཡོད་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།