འབྲོག་ཁུལ་ལ་ཁངས་ཆག་གི་གནོད་འཚེ་ཐེབས་ཀྱང་ཏང་གི་སྲིད་ཇུས་བཟང་པོས་འབྲོག་མིའི་སེམས་པ་དྲོད་ལམ་ལམ་བྱེད།

དབྱིག་གཞུང་ཞང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ནུབ་ཕྱོགས་སུ་ཆགས་ཤིང་། ཡུལ་དེར་རང་བྱུང་གི་གནམ་གཤིས་ཤིན་ཏུ་རྩུབ་པ་དང་།མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་སྨི4300ཡོད། རྒྱུས་ལོན་བྱུང་བ་ལྟར་ན།དབྱིག་གཞུང་ཞང་ཕྱུགས་ལས་མཉམ་ལས་ཁང10དང་། སྡེ་བ3། མི་གྲངས3049། སྒོ་ཕྱུགས43009བཅས་ཡོད།

ད་ལོའི་ཟླ2པའི་ཟླ་མགོ་ནས་བཟུང་ས་དེར་མཁའ་དབུགས་ཇེ་འཁྱག་ཏུ་གྱུར་ཏེ་བསྟུད་མར་ཁ་བ་བབས་པས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དཀའ་ཁག་ལ་འཕྲད་ཅིང་སྒོ་ཕྱུགས་ལའང་གནོད་འཚེ་ཐེབས།

ཉེ་ཆར་ང་ཚོ་གསར་འགོད་པ་ཡུལ་དེར་སོང་སྟེ།ཁངས་ཆག་གི་གནོད་འཚེ་ཐེབས་པའི་གནས་ཚུལ་དང་དབྱིག་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་གིས་འབྲོག་ཁུལ་གྱི་གནོད་འགོག་རྒུད་སྐྱོབ་བྱ་བ་ཇི་ལྟར་བསྒྲུབས་དང་སྒྲུབ་བཞིན་པའི་སྐོར་ལ་རྒྱུས་ལོན་བྱས་པ་ཡིན།

དབྱིག་གཞུང་ཞང་གི་ཞང་ཀྲང་གཞོན་པ་འཕྲིན་ལས་རྒྱ་མཚོར་བཅར་འདྲི་བྱས་པ་ན། ཟླ་གཉིས་པར་ཁ་བ་འབབ་མགོ་ཚུགས་ཏེ་ཟླ་གསུམ་པའི་ཚེས་མགོའི་བར་ས་དེའི་ཁངས་ཆག་གནོད་འཚེའི་ཁྲོད་ཁྱོན་བསྡོམས་སྒོ་ཕྱུགས687ཤི་ནས་འབྲོག་ཁྱིམ་མང་པོར་གྱོང་གུད་ཆེན་པོ་ཐེབས།

ཁངས་ཆག་གི་གནོད་འཚེས་འབྲོག་ཁྱིམ་གང་མང་ལ་དཀའ་ཁག་བཟོ་བཞིན་པའི་དུས་དེར། དབྱིག་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་གིས་རྨ་ཆེན་རྫོང་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་འདོམས་འོག གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། མྱུར་བ་མྱུར་དུ་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་བསྒྲུབས། སྡེ་བ་སོ་སོའི་ཏང་ཡོན་དང་། རྩྭ་སྲུང་མཁན།ནགས་སྲུང་མཁན་སོགས་མི་བརྒྱ་ཙམ་གནོད་འགོག་རྒུད་སྐྱོབ་བྱ་བར་ཞུགས་ཏེ།གཅིག་ནས་གཞུང་ལམ་སྟེང་གི་ཁ་བ་དེད་ནས་འགྲིམ་འགྲུལ་ཤར་རྒྱུག་གཏོང་ཐུབ་པ་ཁག་ཐེག་བྱས་ཏེ།གནོད་འགོག་རྒུད་སྐྱོབ་ཀྱི་དངོས་ཟོག་དུས་ལྟར་འབྲོག་ཁྱིམ་སོ་སོའི་སྒོ་ཁ་རུ་བསྐྱལ་བར་སྟབས་བདེ་གང་ལེགས་བསྐྲུན་པ་དང་།གཉིས་ནས་རྒུད་སྐྱོབ་ལས་སྒྲུབ་རུ་ཁག་དུས་ལྟར་འབྲོག་ཁྱིམ་རེ་རེར་སོང་ནས།གནོད་འཚེའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཉིན་རེའི་གནས་ཚུལ་ཞང་ཏང་ཨུ་དང་སྲིད་གཞུང་ལ་སྙན་ཞུ་འབུལ་བཞིན་ཡོད་པ་དང་།ཞང་ཏང་ཨུ་དང་སྲིད་གཞུང་གིས་རྨ་ཆེན་རྫོང་ཏང་ཨུ་དང་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ། གཟན་རྩྭ་དང་གཟན་ཆས། འཚོ་བའི་མཁོ་ཆས་གང་མང་བརྩོན་ལེན་བྱས་པ་དང་།གོང་རིམ་ནས་ཡུལ་དེར་བཏང་བའི་རོགས་སྐྱོར་དངོས་པོ་རྣམས་གནོད་ཐེབས་ཀྱི་ཚད་གཞི་དང་སྡེ་བ་སོ་སོའི་ཁྱིམ་གྲངས་ལྟར་འདྲ་མཉམ་གྱིས་བགོ་བཤའ་བརྒྱབ།

མིག་སྔའི་བར་དུ།རྨ་ཆེན་རྫོང་དབྱིག་གཞུང་ཞང་གིས་གནོད་འཚེ་ཐེབས་ཁུལ་གྱི་འབྲོག་ཁྱིམ་རྣམས་ལ་འབྲས་དང་།ཕྱེ།བཟའ་སྣུམ།གཟན་རྩྭ།གཟན་ཆས།ཉལ་ཐུལ།སྲིལ་བལ་ལྭ་བ།སྦྲ་གུར་སོགས་བྱིན་པ་དང་། དེ་ལས་གཞན་རྨ་ཆེན་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་རྡོ་སོལ་སོགས་བྱིན་ཏེ།གནོད་ཁུལ་མང་ཚོགས་ཀྱི་བཟའ་བཏུང་དང་། གྱོན་ཆས།སྡོད་ཁང་སོགས་འཚོ་བའི་མཁོ་ཆས་ཁག་ཐེག་བྱས།

ཟླ3པའི་ཟླ་མགོར།ང་ཚོ་གསར་འགོད་པ་རྣམས།དབྱིག་གཞུང་ཞང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་འཇིགས་མེད་དཔལ་བཟང་དང་།ཞང་ཀྲང་གཞོན་པ་འཕྲིན་ལས་རྒྱ་མཚོའི་འགྲོ་རོགས་འོག་དབྱིག་གཞུང་ཞང་གི་གནོད་ཐེབས་འབྲོག་ཁྱིམ་འཇིགས་བསྟན་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན།ང་ཚོ་ཁོ་ཚང་གི་ཉེ་འདབས་སུ་ཐོན་དུས་ང་ཚོས་ཐོག་མར་མཐོང་བ་ནི་ཁོ་ཚང་གི་སྒོ་ཕྱུགས་ད་དུང་ལྷས་རར་བསྐྱིལ་འདུག་ལ།གནས་ཚུལ་རྒྱུས་ལོན་བྱས་པ་ན། རི་མགོ་ཐམས་ཅད་ཁ་བས་གཡོགས་པས་སྒོ་ཕྱུགས་ལ་ལྷས་ར་ནས་གཟན་རྩྭ་དང་གཟན་ཆས་བྱིན་ཏེ་གསོ་བ་ལས་ཐབས་བཀོད་ཅི་ཡང་མ་ཡོད།སྒོ་ཕྱུགས་ལ་ཉིན་རེར་རྩྭ་ཤོག་དོ30ནས40སྟེར་བཞིན་ཡོད་པ་དང་།ཉུང་མཐའ་ཡང་གསོ་ཆས་ཁུག་མ2རེ་སྟེར་དགོས་ཟེར། སྤྱིར་བཏང་དེ་འདྲ་ཞིག་གིས་ཀྱང་མི་འདང་མོད།འོན་ཀྱང་གཟན་རྩྭ་དང་གཟན་ཆས་སྟེར་ཚད་བཟུང་ཡོད་ཅེས་འཇིགས་བསྟན་གྱིས་ང་ཚོར་དེ་ལྟར་བཤད།

དེ་མིན་འཇིགས་བསྟན་ཚང་གི་ཉེ་འདབས་སུ་ཁངས་ཆག་གི་གནོད་འཚེས་ཤི་བའི་སྒོ་ཕྱུགས་ཀྱི་བེམ་པོ་མང་པོ་མཐོང་བྱུང་།ཐ་ན་རྫ་ཁའི་གནའ་བ་འགའ་རེའང་ཁྱིམ་ཚང་དེ་གའི་ཉེ་འདབས་སུ་འཁོར་ཏེ་གཟན་རྩྭ་འཚོལ་བཞིན་མཆིས།ཁོ་ཚང་གི་ཁྱིམ་རའི་ནང་དུ་གཟན་རྩྭ་སྤུངས་ཡོད་ལ།ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་གཟན་ཆས་སྒྱེ་མོ་བདུན་ཙམ་ཞིག་བརྩིགས་འདུག དེ་ནི་ཞང་ཏང་ཨུ་དང་སྲིད་གཞུང་གི་རྒུད་སྐྱོབ་དངོས་རྫས་ཡིན་ཞིང་།འཇིགས་བསྟན་གྱིས་བཤད་རྒྱུར།གལ་ཏེ་ངེད་ཚང་རི་གཟར་ལུང་ཀྱོག་ཅིག་ཏུ་ཡོད་ཚེ། གཟན་རྩྭ་དང་གཟན་ཆས་སྒོ་ཁར་ཐོན་དཀའ་བས་གྱོང་གུད་འདི་ལས་ཚབས་ཆེན་ཐེབས་ངེས།དགའ་འོས་པ་ཞིག་ལ་ཞང་ཏང་ཨུ་དང་སྲིད་གཞུང་གིས་མི་སྣ་མངགས་ཏེ།ཉིན་མཚན་གཉིས་ཀར་ཡང་དང་བསྐྱར་དུ་སྐོར་སྐྱོད་དམ་འབྲེལ་གཏུག་བྱས་ཏེ་ནོར་ལུག་གི་གཟན་རྩྭ་དང་གཟན་ཆས།ཁྱིམ་ཚང་གི་ཉེར་མཁོའི་ཅ་ལག་སོགས་ཅི་ཞིག་མཁོ་ན་དེ་མཁོ་སྤྲོད་བྱེད་པས་སྒོ་ཕྱུགས་ལ་གནོད་འཚེ་ཐེབས་ཀྱང་སེམས་པ་དྲོད་ཁོལ་གྱིས་ཁེངས་ཡོད་ཅིང་།ཏང་གི་དམངས་ཕན་སྲིད་ཇུས་བཟང་པོའི་རྒུད་སྐྱོབ་དང་རང་གི་འབད་བརྩོན་ལ་བརྟེན་ནས་རང་བྱུང་གི་གནོད་འཚེ་འདི་ལས་ཐར་བར་ཡིད་ཆེས་ཀྱིས་ཁེངས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།