མཚོ་སྔོན་གྱི་ཆུ་བེད་བཟོ་བཀོད་ཀྱི་འཛུགས་སྐྲུན་ཐད་ལ་ཀྲུང་དབྱང་གིས་རྒྱབ་སྐྱོར་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན། ཉེ་སྔོན། རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་བཀོད་འཛུགས་སྐྲུན་ཐད་སྔར་ཡོད་མ་མྱོང་བའི་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར12.69བཏང་བ་རེད།

 ཐེངས་འདིའི་མ་དངུལ་ནི་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་ཆུ་བེད་བཟོ་བཀོད་གནད་ཆེ་རིགས་ལ་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་གཏོང་སྟངས་ཤིག་རེད། དེས་མཚོ་སྔོན་གྱི་ཙོང་ཆུ་བྱང་རྒྱུད་ཀྱི་ཐན་འགོག་ཆུ་འདྲེན་གྱི་དུས་རིམ་གཉིས་པ་དང་། ཏ་ཐུང་ཆུ་བོ་ཙོང་ཆུ་བཞུར་རྒྱུད་དུ་འདྲེན་བའི་བཟོ་བཀོད་དང་། ནཱ་ལིན་དགེ་ལེགས་ཆུ་བོའི་ཆུ་བེད་བཟོ་བཀོད། པ་ཡུན་ཆུ་བོའི་ཆུ་བེད་བཟོ་བཀོད་བཅས་རྒྱལ་ཁབ་ཀྱི་ཆུ་བེད་བཟོ་བཀོད་འཛུགས་སྐྲུན་གནད་ཆེ་རིགས་ལ་བཏང་བ་ཡིན་པས། མཚོ་སྔོན་གྱི་ཆུ་བེད་བཟོ་བཀོད་འཛུགས་སྐྲུན་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པ་མཚོན།

      གནད་ཆེ་བའི་ཆུ་བེད་བཟོ་བཀོད་འདི་རིགས་དངོས་འབེབ་བྱས་པ་བརྒྱུད་ཆུ་བེད་རྨང་གཞི་སྒྲིག་ཆས་ཀྱི་དྲ་རྒྱ་གཙོ་བོ་འཐུས་ཚང་གཏོང་བ་དང་། ཆུའི་ཐོན་ཁུངས་སྡེབ་སྒྲིག་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་བ། ཆུའི་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་པ་བཅས་ཆུའི་བདེ་འཇགས་ཐད་འཐབ་ཇུས་རང་བཞིན་གྱི་འགན་སྲུང་ནུས་ཤུགས་འདོན་སྤྲོད་བྱེད་ཐུབ་པ་རེད། བཟོ་བཀོད་འདི་དག་གྲུབ་རྗེས། ཕན་ནུས་ལྡན་པའི་སྒོ་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། དཔལ་འབྱོར་བརྟན་བརླིང་ཡོང་བར་སྐུལ་འདེད་བྱེད་པ། མཚོ་སྔོན་གྱི་ཞིང་ལས་རྨང་གཞི་སྲ་བརྟན་དང་། ཟ་འབྲུ་བདེ་འཇགས་ལ་འགན་སྲུང་བྱེད་པ། དབུལ་ཕོངས་ས་ཁུལ་གཞི་གཅིག་ཏུ་དབུལ་ཐར་འབྱུང་བར་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་སོགས་ལ་སྐུལ་སྤེལ་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།