འཐུས་མི་མིང་ཧའེ་དང་ཀྲང་ཡུང་ལི་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་བཟོ་སྐྲུན་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རང་ཞིང་གི་འཐུས་མི་མིང་ཧའེ་དང་ཀྲང་ཡུང་ལི་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་བཟོ་སྐྲུན་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་དུ་བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ་དང་འབད་པ་ཆེན་པོས་བཟོ་སྐྲུན་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཆེད་དུ། 2016 ལོ་ནས་བཟུང་ཏེ། རང་ཞིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་བཟོ་ལས་དང་ཆ་འཕྲིན་པུའུ་ཡི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་དོན་དངོས་ཟུང་འབྲེལ་སྒོས《ཀྲུང་གོའི་བཟོ་སྐྲུན 2025 མཚོ་སྔོན་གྱི་བྱ་སྤྱོད་ཇུས་གཞི》སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ནས། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་ཇེ་མགྱོགས་བཏང་བ་དང་། ཧུར་ཐག་གིས་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གསར་དར་ཐོན་ལས་སྐྱེད་སྲིང་བྱས་ནས། བཟོ་སྐྲུན་ལས་རིགས་གོང་དུ་སྤེལ་བའི་ཐད་ལ་འགག་སྒྲོལ་གྱི་གྲུབ་འབྲས་ཁག་ཅིག་ཐོབ་ཡོད་ལ་ལེགས་ཆ་ངེས་ཅན་ཞིག་བཟོས་ཡོད་པ་རེད། འོན་ཏེ། མ་གཞི་ནས་སྤྱིའི་ཆ་ནས་འཕེལ་ཕྱོགས་བཟང་པོ་འཛིན་སྐྱོང་བྱས་ཡོད་མོད། མཚོ་སྔོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་དཀའ་གནད་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ་དང་། བཟོ་སྐྲུན་ལས་རིགས་སྤྱི་ཡོངས་ནས་སྔར་བཞིན་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་དུས་མཚམས་སུ་སླེབས་ཡོད་པར་བསྟན།

གྲོས་གཞིའི་ཁྲོད་དུ་དབྱེ་ཞིབ་བྱས་དོན། 《ཀྲུང་གོའི་བཟོ་སྐྲུན 2025》ཡིས་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་དང་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་བྱེད་པའི་མཐོ་ཚད་ཐོག་ནས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་ཕྱིར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་པས་མཚོ་སྔོན་གྱི་བཟོ་སྐྲུན་ལས་རིགས་གོང་འཕེལ་གཏོང་རྒྱུར་གལ་ཆེའི་གོ་སྐབས་སྐྲུན་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་སྟོབས་ཤུགས་ཁོ་ནར་བརྟེན་ནས་བཟོ་སྐྲུན་ལས་རིགས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱེད་དཀའ་བ་དང་། རྒྱལ་ཁབ་ཀྱི་ངོས་ནས་རོགས་རམ་དང་རྒྱབ་སྐྱོར་སྔར་ལས་མང་བ་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཏུ་གྱུར་ཡོད་པ་ཡིན།

གནས་ཚུལ་དེར་དམིགས་ནས། འཐུས་མི་རྣམ་པ་གཉིས་ཀྱིས་ཕྱོགས་གཅིག་ནས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་སྣེ་ཁྲིད་དང་སྒྲིག་འཛུགས་བྱས་ཏེ《མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད》སྒྲིག་སྐྲུན་བྱས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་འཆར་འགོད་དང་སྦྲེལ་མཐུད་ཡག་པོ་བྱེད་པ་དང་། སྟོད་སྨད་དང་ཕྱོགས་ཡོངས་ནས་ཚྭ་མཚེའི་ཐོན་ཁུངས་དེ་ཚད་མཐོའི་རེས་འཁོར་བེད་སྤྱོད་ཀྱི་སྡོམ་ཤུགས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཕྱོགས་གཞན་ཞིག་ནས་ལིས་གློག་རྫས་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་ངོས་ནས་ཁེ་ལས་དང་གནད་ཆེའི་རྣམ་གྲངས་ལ་རང་ཞིང་གི་བཀོད་པ་ཁྲིད་སྟོན་བྱེད་པའི་དགེ་མཚན་འདོན་སྤེལ་སྒོས། རྒྱལ་ཁབ་ཀྱི་ལིས་གློག་རྫས་ཐོན་ལས་གསར་གཏོད་ལྟེ་གནས་གསར་སྐྲུན་ལ་མཛུབ་སྟོན་བྱས་ཏེ། དུང་ཕྱུར་སྟོང་གི་ལིས་གློག་རྫས་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པ་ཡིན། དུས་མཚུངས་སུ་རྒྱལ་ཁབ་ཀྱིས་ཁྱད་པར་ཡོད་པའི་སྲིད་ཇུས་བེད་སྤྱོད་ཀྱིས། འོད་ཤུགས་བཟོ་སྐྲུན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་དང་།   མཐོ་རིམ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།