ངལ་རྩོལ་ལས་ཐོན་པའི་འབྲས་བུ་ནི་ཆེས་ལེགས་ཤོས་ཡིན།

binary_middle.jpg

འདི་ནི་དར་རླུང་སྡེ་བའི་སྣུམ་ལམ་རེད།

ཁ་བའི་ཁྲོད་ཀྱི་མཐོ་སྒང་ལ་གཞན་དང་མི་མཚུངས་བའི་མཛེས་ཉམས་ཞིག་ཡོད་དེ།  ཟླ2པའི་ཚེས28ཉིན་གསར་འགོད་པའི་རླངས་འཁོར་ཆའོ་དབྱིན་གཞུང་ལམ་བརྒྱུད་དེ་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཤར་ཕྱོགས་སུ་གནས་པའི་ཞང་དཔའ་བོད་རིགས་ཤང་ལ་སླེབས།   དཀར་བོང་བོང་གི་ཁ་བས་་ལོགས་གཉིས་ཀྱི་རི་ཚོགས་དང་ཞིང་ས་དག་ཁེབས་ཡོད་པས།  ཞིང་གྲོང་ཆུང་བ་དེར་སྔར་ལས་ལྷག་པའི་ལྷིང་འཇགས་ཤིག་བསྩལ་འདུག

ཞང་དཔའ་བོད་རིགས་ཤང་ནི་རི་མགོ་རུ་གནས་ཡོད་ཅིང་།  རྒྱབ་ཕྱོགས་ནི་མདོ་ལ་རི་རྒྱུད་ཀྱི་ཡན་ལག་ཏ་པན་ཉག་ག་དང་ཉེ།  དེར་གཞིས་སྡོད་བྱས་པ་མང་ཆེ་བ་ནི་བོད་རིགས་ཡིན་ལ།  གཙོ་བོར་ཕྱུགས་ལས་དང་འདེབས་འཛུགས་ལས་རིགས་གཉེར་བཞིན་ཡོད། མཚོ་ངོས་ལས་མཐོ་ཚད3100ལ་གནས་པའི་དམག་སྤྱི་འགག་སྡེ་བར་འབྱོར་བ་དང་ཐེངས་འདིའི་དམིགས་ཡུལ་ས་ཁུལ་དུ་སླེབས་པ་རེད།  སྡེ་འདབས་སུ་ཐོན་པ་དང་།  མིག་མདུན་གྱི་ཡོད་ཚད་ནི་དགའ་འོས་པ་ཞིག་སྟེ།  ལམ་གྱི་ཁངས་ཆག་ལོགས་གཉིས་སུ་ཕྱགས་ཏེ་སྣུམ་ནག་གི་ལམ་ཕྱི་རུ་མངོན་འདུག་ལ། ལྒང་སྒྲོན་བཏེགས་ཡོད་པའི་ཉི་གློག་ལམ་སྒྲོན་ལྷིང་ངེར་འགྱིང་ཞིང་།  དཀར་ལྗང་འདྲེས་མའི་རིབ་མ་དང་ཤིང་ཁང་དག་གིས་སྲོལ་རྒྱུན་གྱི་སྡེ་བ་འདིར་དེང་རབས་ཀྱི་རྣམ་པ་མི་ཉུང་བ་ཞིག་བསྐྲུན་འདུག   རྒྱང་རིང་གི་རི་མགོའི་ཀྱག་ཀྱོག་གི་ཤིང་ལམ་དེ་རི་རྩེའི་བར་འཐེན་ཡོད་པ་ནི་རྨད་བྱུང་གི་ཁ་བའི་ལྗོངས་ཀྱི་རི་མོ་ཞིག་དང་གཉིས་སུ་མ་མཆིས།

དམག་སྤྱི་སྡེ་བར་དུད་ཁྱིམ88དང་སྡེ་མི391ཡོད་ལ།    རྒྱ་བོད་སོག་གསུམ་འདུས་ཤིང་།  དེའི་ཁྲོད་བོད་རིགས་ཀྱིས་སྡེ་མི་ཡོངས་ཀྱི68.9%ཟིན། སྔོན་ཆད་སྡེ་བའི་ནང་དུ་ཐུན་མོང་གི་དཔལ་འབྱོར་སྡེ་ཁག་མེད་པས་འདེབས་འཛུགས་ལས་རིགས་ཁོ་ན་བརྟེན་དགོས་པར་གཞི་རྒྱ་ཆུང་ཞིང་ཁེ་ཕན་ཞན་པས་ཞང་དཔའ་བོད་རིགས་ཞང་གི་དབུལ་ཕོངས་སྡེ་བ་གཙོ་བོ་ཡིན།  ད་ལྟ་མཛེས་བའི་ཞིང་སྡེ་འཛུགས་སྐྲུན་བྱེད་པར་གཙོར་བཟུང་ནས་ཧུར་ཐག་གིས་ཐོན་ལས་རྣམ་གྲངས་དང་ཞིང་སྡེའི་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  སྔ་གཞུག་ཏུ་ས་ཞིང་གསར་སྤེལ་དང་སྡེབ་སྒྲིག   ནགས་ལས་དཔལ་འབྱོར་དང་ཁྱིམ་བྱ་གསོ་བ།  སྨན་རྫས་འདེབས་འཛུགས་བཅས་འཕེལ་རྒྱས་སུ་བཏང་ནས།  སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྲུན་ལས་གཞི་ལག་ཏུ་བསྟར་བ་སོགས་སྡེ་བའི་རྣམ་པ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མ་ཟད་སྡེ་མིའི་ཡོང་སྒོའང་ཇེ་མང་དུ་སོང་ཡོད། 

"དམག་སྤྱི་འགག་སྡེ་བ་ནི་ས་ཐག་རིང་ཞིང་འགྲིམ་འགྲུལ་སྟབས་བདེ་མིན་པའི་ལུང་ཁུག་ཅིག་ཏུ་ཆགས་ཡོད། སྔོན་ཆད་སྡེ་མི་ཚང་མ་ས་ཁང་ནང་དུ་བསྡད་ཡོད་ལ།  བགྲོད་ལམ་ཚང་མ་ས་ལམ་ཡིན་པས། སྡེ་བའི་རྣམ་པ་ཞན་པ་ནི་དེ་ལས་ཀྱང་སྨྲས་མི་དགོས། " དམག་སྤྱི་འགག་སྡེ་བའི་འགྱུར་ལྡོག་གླེང་བ་ན།  "ཧྲུའུ་ཅི་དང་པོ"ཝང་ཁྲུན་ཡོན་གྱིས"དེང་སྐབས་སྡེ་བའི་ནང་དུ་ཡུལ་སྐོར་ལས་རིགས་ཤུགས་ཆེར་འཕེལ་རྒྱས་གཏོང་བཞིན་ཡོད་པས་ཐོག་མར་ཁོར་ཡུག་གཙང་སྦྲ་ལེགས་པོར་འཁྱོངས་དགོས་ཤིང་།  དེང་སྐབས་ཁྱིམ་ཚང་རེ་རེར་སྙིགས་སྒམ་བྱིན་ཡོད་ལ་སྡེ་མི་རྣམས་ཀྱིས་ཀྱང་རང་འགུལ་གྱིས་སྡེ་བའི་བགྲོད་ལམ་ལ་གཙང་དག་བྱས་ཏེ། ཁོར་ཡུག་ཇེ་ལེགས་ལ་སོང་ན་སྡེ་མིའི་ཡོང་སྒོའང་རིམ་གྱིས་ཇེ་མང་དུ་འགྲོ་བ་ཡིན"ཞེས་བཤད།

སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཏེང་ལིང་ལིང་ཚང་གིས་ཐོན་ལས་འཕེལ་རྒྱས་ཐེབས་རྩ་བརྒྱུད་དེ་ནོར་ནག4ཉོས་ལ། དེང་སྐབས་ཁོ་མོ་ཚང་གི་ཕྱུགས་རའི་ནང་དུ་ནོར་བཅུ་ཡོད་པ་མ་ཟད་དེའི་ཁར་ཁྱིམ་བྱ་གསོ་བ་དང་ཁྱོ་གས་ཕྱི་རུ་ལས་ཀ་བྱས་པའི་གླ་ཆ་བཅས་ཀྱི་ཡོང་སྒོ་བསྡོམས་ཚེ།   སྔོན་ཆད་ཀྱི་ལོ་རེའི་ཡོང་སྒོ་སྒོར2000ནས་ད་ལྟའི་སྒོར8000དུ་འཕར་ཡོད། ཏེང་ལིང་ལིང་གི་གདོང་ལ་འཛུམ་གྱི་མེ་ཏོག་བཞད་ནས"དེང་སྐབས་ཀྱི་སྲིད་ཇུས་བཟང་བོ་དང་རོགས་སྐྱོར་ཡོད་པས།  ངེད་ཚང་གི་འཚོ་བ་ད་གཟོད་རིམ་གྱིས་ཇེ་ལེགས་ཏུ་སོང་བ་ཡིན་ལ།  དེང་སྐབས་སུ་སྡོད་ཁང་དང་། ཆུ། གློག དྲ་རྒྱ་བཅས་ཚང་མ་འཛོམས་པས་འཚོ་བ་ཇེ་བདེ་ཇེ་སྐྱིད་དུ་སོང་ཡོད།  དེ་བས་ངེད་ཅག་གིས་ཧུར་བརྩོན་བྱས་ནས་ཁྱིམ་གཞི་སྟོབས་འབྱོར་ཅན་དུ་བསྒྱུར་ཏེ་སྡེ་བའི་ཞལ་འདྲེན་མི་བྱེད"ཅེས་བཤད། ཞང་དཔའ་བོད་རིགས་ཤང་དུ་འདི་ལྟར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པའི་་གྲོང་སྡེ་ནི་དམག་སྤྱི་འགག་སྡེ་བ་གཅིག་པུ་མ་ཡིན་པར།   རི་འདབས་ཀྱི་དར་ལུང་སྡེ་བའང་སྔོན་ཆད་དང་མི་འདྲ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  དག་གཙང་གི་བགྲོད་ལམ་གྱི་ལོགས་ནི་སྡེ་བར་བགྲོད་སའི་སྣུམ་ལམ་ཡིན་པ་དང་།   སྡེ་བའི་ཐང་ཆེན་གྱི་རྡོ་རྩིག་ངོས་སུ"མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ"ཞེས་པའི་མཚོན་མདངས་བཀྲ་བའི་ཡི་གེ་དང་རི་མོ་ཡོད་ལ། ཁྱིམ་ཚང་རེ་རེའི་བཟོ་དབྱིབས་གཅིག་པའི་སྒོ་ཆེན་ལ་དེ་བས་ཀྱང་ཁྱད་ཆོས་ལྡན།

དར་ལུང་སྡེ་བའི“ཧྲུའུ་ཅི་དང་པོ”ལི་ཧྥུ་ཞན་ཡིས་དར་ལུང་སྡེ་བའི་མཚོ་ངོས་ལས་མཐོ་ཚད་ནི་སྨི2800ནས4000བར་ཡིན་ལ། བསྡོམས་པས་དུད་ཁྱིམ184ཡོད་ལ་སྡེ་མི768ཡོད། རྒྱ་རིགས་དང་བོད་རིགས་སོགས་འདུས་། 2018ལོར་སྡེ་བ་ཡོངས་ལ་ཆུ་དང་གློག  ལམ། དྲ་རྒྱ་བཅས་ཚད་ལོངས་པའི་རྨང་གཞིའི་ཐོག་རྡོ་རྩིག་དང་། རྐང་ལམ། སྤྱི་གླིང་ཆུང་ཆུང་སོགས་འཛུགས་སྐྲུན་བྱས་ཏེ་སྡེ་བའི་རྣམ་པའང་ཇེ་ལེགས་སུ་གྱུར་ནས་མི་སྡོད་སྐྱེ་ཁམས་ཁོར་ཡུག་ལ་སྔར་ལས་ལྷག་པའི་སྒོ་ནས་ལེགས་བཅོས་བྱས་པར་མ་ཟད། ་དབུལ་ཕོངས་སྡེ་བའི་ཞྭ་མོ་ཕུད་ཡོད་ཟེར།

“དབུལ་ཐར”སྐོར་གླེང་ན། སྡེ་བའི་མིག་དཔེ་བཟང་པོ་ལིན་ཧའེ་ལུང་མི་གླེང་ཀ་མེད་རེད། སློར་གྲྭར་འགྲོ་དགོས་པ་དང་ནད་ཡོད་པ། ངལ་རྩོལ་ནུས་ཤུགས་མི་འདང་བ་བཅས་ཀྱིས་ཕ་མ་དང་བུ་མོ་བཟའ་མི་ལྔའི་འཚོ་བའི་གནོན་ཤུགས་ཁོ་གཅིག་པུའི་ཕྲག་ལ་བབས་ཡོད་མོད། འཚོ་བའི་ཁུར་བོས་ཁོ་རང་སྣོན་མ་ཐུབ་པར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དབུལ་ཕོངས་ཀྱི་འཆིང་རྒྱ་ལས་གྲོལ་རྒྱུའི་སེམས་ཐག་བཅད། མུ་མཐུད་དུ་ཕྱི་ཡུལ་ལ་ཞོར་ལས་སུ་སོང་བ་དང་། ཁྱིམ་བྱ་གསོ་བ། བ་མོ་གསོ་སྤེལ་ར་བ་སོགས་སྒོར་མོ་བཙལ་ཐུབ་པའི་ལས་ཀ་ཞིག་ཡིན་ཚེ་ཁོས་དཀའ་སྤྱད་སྡུག་རུས་བྱས་ནས་བསྒྲུབ་མཐར། 2017ལོར། ཁོ་ཚང་གི་མི་རེའི་ཆ་སྙོམས་ཀྱི་སྤྱོད་ཆོག་པའི་ཡོང་སྒོ་སྒོར7500ལ་བསླེབས། ལིན་ཧའེ་ལུང་གི་བྱ་བ་དང་པོ་ནི་སྡེ་བའི་ལས་བྱེད་པ་བཙལ་ནས་རང་འགུལ་གྱིས་དབུལ་ཕོངས་ལས་ཕྱི་འབུད་པ་ཡར་ཞུ་བྱེད་རྒྱུ་དེ་ཡིན།

“སྲིད་གཞུང་གིས་ང་ལ་རོགས་རམ་མང་པོ་བྱས་མྱོང་བ་དང་། དབུལ་ཕོངས་ཀྱི་ཞྭ་མོ་འདི་རང་གི་འབད་པ་ལ་བརྟེན་ཕུད་དགོས”ཞེས་བཤད། སྔོན་ཆད་ཀྱི་དོན་དག་གླེང་དུས། ལིན་ཧའེ་ལུང་གི་ལོ་ཟླའི་འགྱུར་ལྡོག་གིས་ཁེངས་པའི་གདོང་དེ་དམར་དམར་དུ་གྱུར་ནས“གཞན་གྱི་རོགས་རམ་ལ་མི་སྒུག་པ་དང་མི་བརྟེན་པར། རང་ཉིད་ཀྱི་འབད་པ་ལ་བརྟེན་ནས་ཐོབ་པའི་འབྲས་བུ་ནི་ཆེས་ལེགས་ཤོས་ཡིན་ཞེས་བཤད། །

                                                                                                དངོས་སྦྱོང་སློབ་མ་ལྕགས་མོ་ཐར་གྱིས་བསྒྱུར།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།