ཁ་བ་བུ་ཡུག་ཁྲོད་ཏང་ཡོན་ལས་བྱེད་པ་དང་འབྲོག་མི་མཉམ་དུ་གནས།

--རྨ་ཆེན་རྫོང་གི་གནོད་འགོག་ཕྱུགས་སྲུང་གི་མཐོང་ཐོས།

binary_middle (1).jpg

དབྱིག་གཞུང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བྲེལ་མྱུར་ངང་ལམ་བཀག་གངས་ཆགས་གཙང་སེལ་བྱེད་བཞིན་པ།

binary_middle (2).jpg

གནོད་ཐེབས་འབྲོག་མིས་རུ་སྤོ་བཞིན་པ།

binary_middle.jpg

  དབྱིག་གཞུང་ཤང་གི་ལས་བྱེད་པས་གཟན་ཆས་གནོད་ཐེབས་འབྲོག་མིའི་ཕྱུགས་རྭར་བསྐྱལ་བཞིན་པ།

ཟླ3པའི་ཚེས5ཉིན་གྱི་སྔ་མོའི་དུས་ཚོད8དང་སྐར་མ40སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ལམ་ལ་ཆས་ཏེ། ཟི་ལིང་དང་གཅིག་སྒྲིལ་གྱི་གཞུང་ལམ་བརྒྱུད་ནས་འགྲོ་སྐབས། ཕྱོགས་བཞིར་བལྟས་པ་ན་ས་གཞི་གངས་ཀྱིས་གཡོགས་ཤིང་།  འཁོར་ལོས་ལྟེབ་པའི་ཁ་བའི་འདབ་མ་རླུང་དང་བསྟུན་ནས་མཁའ་དབྱིངས་སུ་སྐྱོད་བཞིན་འདུག

 རླངས་འཁོར་རིམ་གྱིས་ལྷོ་ནུབ་ཕྱོགས་སུ་བསྐྱོད་པ་ན་ཁ་བ་ཇེ་མཐུག་ནས་ཇེ་མཐུག་རེད། རླངས་འཁོར་དུ་བསྡད་ཡོད་པའི་འབྲོག་ལས་གཉེར་མྱོང་བའི་སོག་རིགས་ཀྱི་གསར་འགོད་པ་ཐུབ་བསྟན་གྱིས་ང་ཚོར་གངས་ཀྱིས་ད་རུང"རྩྭ་པད་ནེ"བཀབ་མེད་ཚེ་ཕྱུགས་ཟོག་གིས་དེའི་འོག་གི་རྩྭ་ཟ་ཐུབ་ཟེར།

ཁྱི་འབྲུ་ཤང་བརྒྱུད་དུས་མཐོང་ལམ་དུ་རྩྭ་སྐྱ་ཉག་མ་ཙམ་ཡང་མཐོང་རྒྱུ་མེད་ལ། གནམ་སའི་ཁ་མདོག་གཅིག་ཏུ་སྣང་སྟེ། སྐྱེ་དངོས་མཐའ་དག་གངས་ཀྱིས་གཡོགས་ཤིང་འཁྱགས་ཀྱིས་བསྡམས་འདུག

ཆུ་ཚོད2འགོར་རྗེས་ཀྱི་དུས་ཚོད10དང་སྐར་མ45ཡི་སྐབས་སུ། ང་ཚོ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་ལ་སླེབས། རྫོང་མཁར་ནས་སྤྱི་ལེ2ཙམ་བརྒྱུད་རྗེས། ནོར་ཁྱུ་ཞིག་གིས་ང་ཚོའི་བགྲོད་ལམ་བཀག་བྱུང་།  རླངས་འཁོར་ལས་བབས་རྗེས་ང་ཚོས་ཝ་ལུང་ཤང་གི་འབྲོག་མི་བྱམས་པ་ལ་བཅར་འདྲི་བྱས་བ་ན། ཁོས་ང་ཚོར་བཤད་རྒྱུར།  བསྟུད་མར་ཉིན10ལྷག་གི་རིང་ལ་ཁ་བ་ཆེ་མ་ཆུང་གསུམ་ཐེངས་མང་བབས་པ་རེད

   ཁོང་གིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་དེ། ད་སྐབས་ནོར་ནག་གི་གཟན་རྩྭ་ལ་དཀའ་ཁག་ཆེན་པོ་ཞིག་འཕྲད་འདུག་པས། ང་ཚོས་ནོར་ནག་གངས་ཆག་ཅུང་སྲབ་སའི་ཉིན་ཕྱོགས་ཀྱི་རི་ངོས་སུ་འདེད་རྒྱུ་མ་གཏོགས་ཐབས་གཞན་མེད། དགུན་ཁར་གྲ་སྒྲིག་བྱས་ཡོད་པའི་སྔོ་བསྙལ་གཟན་ཆས་བཀོལ་ནས་ཉིན་མང་པོར་འགོར་བས། ལུས་སྟོབས་ཞན་པའི་ནོར་ནག་མང་པོའང་ཤི་སོང་།  ཁོང་གིས་དབུགས་རིང་འབྱིན་བཞིན་མགོ་བོ་གཡུག་སྟེ། འདས་བའི་ལོ་བཅུ་ལྷག་གི་རིང་ཕྱུགས་ར་ལ་ཁ་བ་དེ་འདྲའི་ཆེན་པོ་ཞིག་གཏན་ནས་བབས་མ་མྱོང་ཞེས་བཤད། ཆུ་ཚོད12དང་སྐར་མ25སྟེང་ང་ཚོ་རྨ་ཆེན་རྫོང་གི་གནོད་འཚེ་ཚབས་ཆེན་ཐེབས་ཁུལ་ཏེ། ལྷོ་ནུབ་ཤང་གསུམ་གྱི་ནང་གསེས་དྭངས་ལག་ཤང་དུ་སླེབས་པ་དང་། སྐབས་དེར་ཁྲ་མཆོག་གོང་མ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཀྲའོ་ཐིང་ཅུན་གྱིས་སྡེ་མི་བཅུ་ལྷག་རྩ་འཛུགས་བྱས་ཏེ་གངས་ཆགས་ཕྱགས་བརྡར་བྱས་ནས་གཞུང་ལམ་ཤར་གཏོང་བྱེད་བཞིན་ཡོད་ལ། ཤང་ཡོངས་ཀྱི་སྡེ་བ་ལྔ་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས་ཤིང་།  ཁོང་གིས་ཤང་ཐོག་ཏུ་བསྟུད་མར་ཟླ་ཕྱེད་ཙམ་ལ་བརྟན་སྲུང་བྱས་པས་ངོ་གདོང་ནག་པོར་གྱུར་ཡོད། འབྲོག་ཁའི་གངས་ཆག་ཆེས་མཐུག་སར་ལི་སྨི50ཡས་མས་སུ་སླེབས་ཡོད་པ་དང་། དགུན་ཁ་མ་སླེབས་པའི་སྔོན་དུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འབྲོག་མི་རྣམས་ལ་སྔོ་བསྙལ་གཟན་ཆས་ཉར་ཚགས་བྱ་དགོས་ཚུལ་བཤད་ཡོད་དེ། ཉེ་བའི་ཉིན་འགའི་རིང་གི་གནོད་འཚེ་བྱུང་ཚུལ་ལ་གཞིགས་ན། ཉར་ཚགས་བྱེད་ཚད་ཐད་སྔར་བཞིན་ཞན་ཆ་ཆེན་པོ་མཆིས། སྟབས་ལེགས་པ་ཞིག་ནི་རྫོང་གིས་འཕྲལ་མྱུར་གྱིས་གཏོང་སྤྲོད་བྱས་པའི་གཟན་རྩྭ་ཏུན10སྐྱེལ་འདྲེན་བྱེད་བཞིན་པའི་སྒང་རེད། ཆུ་ཚོད13དང་སྐར་མ57སྟེང་།  དབྱིག་གཞུང་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་འཇིགས་མེད་དཔལ་བཟང་དང་ཤང་ཀྲང་གཞོན་པ་འཕྲིན་ལས་རྒྱ་མཚོ་གཉིས་ཀྱིས་བྲེལ་འཚུབ་ངང་ལམ་འགྲམ་དུ་གསར་འགོད་པར་སྒུག་ནས་གནོད་འཚེའི་གནས་ཚུལ་ཞིབ་བཤད་བྱེད་པར་གྲ་སྒྲིག་བྱས་འདུག

ཟླ2པའི་ཚེས7ཉིན་ནས་བཟུང་ཉེ་བའི་ཟླ་གཅིག་ཙམ་གྱི་རིང་ལ་ཁ་བ་རྒྱུན་ཆད་མེད་པར་བབས།  2008ལོ་དང2012ལོར་གབྱིག་གཞུང་ཤང་ལ་གངས་སྐྱོན་ཐེངས་གཉིས་བྱུང་མྱོང་།  ཡིན་ནའང་ད་ལོའི་གངས་སྐྱོན་འདི་ཐེངས་སྔོན་མ་གཉིས་དང་བསྡུར་ན་ཅུང་ཚབས་ཆེན་ཡིན་པར་བཤད།  ཤང་ཡོངས་ལ་འབྲོག་ཁྱིམ809ཡོད་པ་དང་།  སྟོན་སའི་གནོད་འཚེ་ཚབས་ཆེན་ཐེབས་པའི་འབྲོག་ཁྱིམ90ཟིན་ཞིང་།  དེའི་ཁྲོད་ཀྱི་འབྲོག་ཁྱིམ30ཡོངས་སུ་རི་སྤར་ཚར། ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད18བར་དུ་ཤང་ཡོངས་ཀྱི་ནོར་ནག་སྡོམ་པའི687ཤི་བ་རེད།

འཇིགས་མེད་དཔལ་བཟང་གིས་ང་ཚོར་བཤད་རྒྱུར།  ཟླ2པའི་ཚེས25ཉིན།   ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་པདྨ་བཀྲ་ཤིས་དང་།   ཁུལ་དཔོན་གཞོན་པ་ལྷ་དབང་ཚེ་བརྟན་དང་བློ་གྲོས་རྣམ་རྒྱལ་བཅས་ཀྱིས་ཁུལ་ཞིང་འབྲོག་ཅུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ། དམངས་སྲིད་ཅུའུ་བཅས་ཀྱི་སྡེ་ཁག་སོ་སོའི་འགན་འཁུར་བ་རྣམས་སྣེ་ཁྲིད་དེ།   ཏ་པན་གཞུང་ལམ་དང་ཧྭ་ཧྲང་གཞུང་ལམ་བརྒྱུད་ནས་ཁ་བ་བབས་ཚད་ཆེ་བ་དང་གངས་སྐྱོན་ཐེབས་ཚུལ་མངོན་གསལ་ཡིན་པའི་དགའ་བདེ་རྫོང་གི་ཁྱི་འབྲུ་ཤང་དང་ཁོ་ཆུ་གྲོང་རྡལ། རྨ་ཆེན་རྫོང་གི་དྭངས་ལག་ཤང་དང་དབྱིག་གཞུང་ཤང་།  རྨ་སྟོད་རྫོང་གི་མཛོ་རྒན་རྭ་བ་བཅས་ཀྱི་གངས་སྐྱོན་རྒུད་སྐྱོབ་བྱ་བར་ལྟ་ཞིབ་བྱས་པ་དང་། གནོད་སྐྱོན་བྱུང་བའི་མང་ཚོགས་དང་གནོད་འགོག་ཕྱུགས་སྲུང་བྱ་ཆེད་འཐབ་ཕྱོགས་དང་པོ་ན་འབད་འབུངས་བྱེད་བཞིན་པའི་ལས་བྱེད་པ་དང་ལས་བཟོ་བ་དག་ལ་འཚམས་འདྲི་བྱས་པ་རེད།    ཁ་སང་།  རྒྱུན་ལས་ཁུལ་དཔོན་གཞོན་པ་ཐའོ་ཡུང་ལིས་སྣེ་ཁྲིད་ནས་གངས་སྐྱོན་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་།  རྫོང་དང་ཤང་གི་ལས་བྱེད་པས་དུས་ཚོད་དམ་འཛིན་བྱས་ནས་གངས་སྐྱོན་གནས་ཚུལ་རྩད་གཅོད་མཐའ་གསལ་བྱས་ཏེ།  ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་ཆེད་དམིགས་སྙན་སེང་ཞུས། ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་མ་དངུལ་དང་དངོས་ཟོག་བརྩོན་ལེན་བྱས་པ་དང་། ཁུལ་དང་རྫོང་། ཤང་། སྡེ་བ་བཅས་རིམ་པ་བཞིའི་མཉམ་འབྲེལ་བྱས་ནས་གནོད་འཚེ་ཐེབས་བའི་འབྲོག་པར་ཁྱོན་ཡོངས་ནས་ཏན་ཏིག་སྒོས་ཞབས་ཞུ་གང་ལེགས་བྱས་ཏེ། གནོད་འཚེ་ཚད་གཞི་ཇེ་དམའ་རུ་གཏོང་དགོས་པའི་རེ་བ་བཏོན་པ་རེད།

ཆུ་ཚོད14དང་སྐར་མ35སྟེང་ང་ཚོ་འཇིགས་མེད་དང་མཉམ་དུ་སྡེ་ནང་སྡེ་བའི་འབྲོག་དམངས་འཇིགས་བསྟན་གྱི་ཕྱུགས་རར་བསྐྱོད་དེ་གངས་སྐྱོན་བྱུང་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་ཡིན།  །

དངོས་སྦྱོང་སློབ་མ་བཙུན་ཐར་སྐྱིད་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།