བདེ་སྐྱིད་ཀྱི་འཚོ་བ་གླུ་རུ་ལེན།

binary_middle (12).jpg

བྱ་ཁྱུང་རྔ་འཆམ་ཆེན་མོར་བརྗིད་ཉམས་སྟོང་གིས་ཕྱུག 

ང་ཚོའི་ཞིང་སྡེའི་བུད་མེད་དག་ལ་མཚོན་ན་ཡོན་ཚད་དམའ་བ་དང་ལྟ་རྒྱ་མཐོང་རྒྱ་ཆུང་། དུས་སྔོན་དུ་ཁྱིམ་གྱི་ལས་ཀ་ཙག་ཙིག་ལས་རྒྱུ་དང་ཞོར་ལས་སྒོར་བཙལ་བ་ལས་གཞན་ཅི་ཡང་མི་ཤེས། ང་ཚོའི་ཞིང་སྡེའི་བུད་མེད་དག་གིས་ཀྱང་འདི་འདྲའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་ཡིད་ལའང་མ་ཤར། སྤྲེལ་ལུང་སྡེ་བའི་སྐོར་བྲོའི་འགན་འཛིན་པ་ལྷ་མོ་ཐར་གྱིས་དགའ་སྤྲོའི་ངང་འདི་ལྟར་བཤད།

སྤྲེལ་ལུང་སྡེ་བ་ནི་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་ཞང་གི་ཁོངས་སུ་ཡོད། དེ་ནི་བོད་རིགས་རྐྱང་རྐྱང་ཡིན་པའི་སྡེ་བ་ཞིག་རེད། འདིར་གནས་བའི་མི་རྣམས་སྒྱུ་རྩལ་ལ་དགའ་བ་དང་བྱ་ཁྱུང་རྔ་འཆམ་དང་ལྷ་རྩེད། སྐོར་བྲོ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྲོ་རིགས་དུས་ཡུན་རིང་བོར་ས་དེར་ཁྱབ་ཡོད། ལྷག་པར་དུ2017ལོར་བྱ་ཁྱུང་རྔ་འཆམ་ཆེན་མོ་རྫོང་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲལ་དུ་ཚུད།

ཉེ་བའི་ལོ་འགའི་རིང་། རྡོ་སྦུས་ཞང་གིས་ནུས་ཤུགས་ཆེན་པོས་རིག་གནས+ཡུལ་སྐོར་གྱི་འཐབ་ཇུས་ལག་བསྟར་བྱས་པ་དང་ཤུགས་ཆེན་པོས་གནས་འདིའི་རིག་གནས་ཐོན་ཁུངས་འདོན་སྤེལ་དང་ཉམས་གསོ་བྱས་པ་དེས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཡོད་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་ཞབས་བྲོའང་རྣམ་པ་གསར་བར་བསྒྱུར་ཡོད།

བྱ་ཁྱུང་རྔ་འཆམ་ནི་རྡོ་སྦུས་ཞང་ཧོར་རོན་པོ། སྤྲེལ་ལུང་། ཧོར་གྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་གནའ་བོའི་དམངས་ཁྲོད་ཀྱི་བྲོའི་རིགས་ཤིག་ཡིན། བྲོ་བས་ཤ་བོའི་ཉམས་འགྱུར་ལ་ལད་ཟློས་བྱས་སྟེ་བསྟན་པའི་ཆོས་སྒོར་ཞུགས་པའི་དགའ་སྤྲོའི་རྣམ་པ་མཚོན་བཞིན་ཡོད།

བྱ་ཁྱུང་རྔ་འཆམ་རྫོང་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲལ་དུ་ཚུད་པ་དེར། གནས་དེའི་མི་རྣམས་གཟི་བརྗིད་ཀྱིས་ཁེངས་ཡོད་ལ། དེ་དང་བསྟུན་ཏེ་སྲོལ་རྒྱུན་ཞབས་བྲོའི་རྒྱུན་འཛིན་ལ་གནས་སྟངས་གསར་བ་ཞིག་གྲུབ་ཡོད། བེའུ་ལུང་སྡེ་བའི་བྱ་ཁྱུང་རྔ་འཆམ་གྱི་འགན་འཛིན་པ་ཚེ་རིང་གིས་སྤྲོ་སེམས་འཁོལ་བའི་ངང་བཤད་རྒྱུར། དུས་སྔོན་གཞོན་རབས་པ་ཚོས་སྲོལ་རྒྱུན་རིག་གནས་ཤུལ་བཞག་ལ་སློབ་སྦྱོང་བྱས་པ་མི་འདང་བ་དང་། ད་ལྟ་ཁོ་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་ཤུལ་བཞག་རིག་གནས་ཀྱི་རིན་ཐང་རྟོགས་པས། གཟའ་མཇུག་དང་གུང་གསེང་གི་དུས་ཚོད་བེད་སྤྱད་དེ་བྱ་ཁྱུང་རྔ་འཆམ་འཁྲབ་པ་དང་ཉམས་འགྱུར་རེ་རེར་བསམ་གཞིགས་གཏོང་བཞིན་འདུག་ཅེས་བཤད། དེང་སྐབས་ཁོ་ཚོས་སློབ་སྦྱོང་དུ་ཡོང་བའི་གཞོན་རབས་པ་དག་ལ་ཉམས་འགྱུར་རེ་རེའི་དོན་སྙིང་འགྲེལ་བཤད་བྱས་པ་དང་། ཧ་ཅང་ནན་ཏན་སྒོས་སྟངས་སྟབས་ལ་དངོས་ཁྲིད་དང་ནོར་བ་ཡང་བསྐྱར་དག་བཅོས་ཀྱིས་བྲོ་བ་ཚད་ལྡན་ཅན་དུ་བརྩོན་བཞིན་ཡོད།

སྤྲེལ་ལུང་སྡེ་བའི་ཏང་ཀྲུ་པུའུ་ཡིས་ལས་ཀ་འདིར་ཧ་ཅང་གཙིགས་མཐོང་བྱ་བཞིན་ཡོད་ལ། རང་འགུལ་གྱིས་བྱ་འགུལ་སྣ་མང་རྩ་འཛུགས་བྱས་སྟེ་སྡེ་མི་རྣམས་ལ་སྲོལ་རྒྱུན་རིག་གནས་མཐོང་བའི་སྟེགས་བུ་མཁོ་འདོན་བྱས་ཡོད། སྡེ་བའི་བུད་མེད་རྣམས་ཀྱིས་སྐོར་བྲོ་འཁྲབ་པ་བརྒྱུད། རོལ་རྩེད་དང་སྦྱོང་བརྡར། ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་སློབ་སྦྱོང་བཅས་ཕྱོགས་གཅིག་ཏུ་འདུས་པས། ཕན་ཚུན་གྱི་བརྩེ་བ་དང་གཅིག་འདུས་རང་བཞིན་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད། སྐོར་བྲོ་སྦྱོང་བ་ལས་གཞན། དགུན་གནང་གི་སྐབས་སྡེ་བའི་ཨུ་ལྷན་གཉིས་ཀྱིས་སློབ་གྲྭ་ཆེན་མོ་བ་རྩ་འཛུགས་བྱས་ཏེ་ང་ཚོར་ཡི་གེ་ཁྲིད་པ་རེད། ད་ལྟ་སྡེ་བའི་བུད་མེད་ཚང་མས་རྒྱ་ཡིག་འབྲི་ཤེས་བར་གྱུར། ཞིང་སྡེའི་བུད་མེད་ཀྱི་རིག་གནས་ཀྱི་བྱང་ཚད་མངོན་གསལ་གྱིས་ཇེ་མཐོར་ཕྱིན་པ་དང་། ཆ་རྐྱེན་བཟང་བའི་འཚོ་བར་སྔར་ལས་ལྷག་པའི་རེ་སྙེག་བྱེད་བཞིན་མཆིས།

གནད་འཕིགས་དབུལ་སྐྱོར་གྱི་ལས་ཀ་སྤེལ་བ་ནས་བཟུང་། སྡེ་དམངས་ཀྱི་ཐོན་སྐྱེད་འཚོ་བ་ཇེ་བཟང་དུ་སོང་བ་དང་། ཧྲུའུ་ཅི་དང་བོ་ཀའོ་ཧའེ་རུང་གིས་ང་ཚོས་དབུལ་སྐྱོར་དང་ཤེས་སྐྱོར་མཉམ་དུ་བཟུང་ན། མང་ཚོགས་ཀྱི་སྙིང་སྟོབས་འཕེལ་བ་དང་། ཕྱུག་སྒྱུར་གྱི་ངར་ཤུགས་ཇེ་ཆེར་བསྐྱེད་ཅེས་བཤད། བེའུ་ལུང་སྡེ་བས་སྡེ་མིའི་རང་འདོད་ལྟར་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་བཀྲ་ཤིས་ནོར་བུ་མི་རིགས་ལག་ཤེས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིར་མ་རྐང་བཞག་པ་དང་། ཐོན་ལས་གོང་སྤེལ་གྱི་དུད་ཁྱིམ་ལྔས་མ་རྐང་སྒོར་ཁྲི10.08བཞག་པ་དང་། ལོ་གཉིས་རིང་བསྡོམས་པས་ཁེ་བཟང་སྒོར17280བགོས་པ་རེད། སྐྱེ་ཁམས་སྐྱིན་གསབ་དང་། ལས་ཞུགས་སྤོ་སྒྱུར། སློབ་གསོའི་རོགས་སྐྱོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་པ་དང་། 2018ལོའི་ལོ་མཇུག་བར་དུ། སྡེ་མིའི་མི་རེའི་ཆ་སྙོམས་ཐོན་འབབ་ཞང་ཡོངས་ཀྱི་ཚད་གཞིར་སླེབས་ཡོད།

འཚོ་བའི་དཀའ་ངལ་སེལ་བའི་རྨང་གཞིའི་སྟེང་། མང་ཚོགས་ཀྱི་བསམ་པའི་འཚོ་བའི་དགོས་མཁོ་ཇེ་ཆེར་སོང་བ་དང་བསྟུན། རིག་རྩལ་བྱ་འགུལ་གྱི་ཐད་ནུས་ཤུགས་སྔར་ལས་མང་པོ་བཏང་། ད་ལོ། རྡོ་སྦིས་ཞང་གི་ལོ་གསར་བ་རོལ་བའང་སྔར་ལས་ཕུན་སུམ་ཚོགས་པ་རེད། ལོ་གསར་སྔོན་གྱི་ཟླ་གཉིས་རིང་། རྣམ་པ་གསར་བའི་མཚོ་སྔོན། ཆེས་མཛེས་པའི་མཚོ་ཤར། ལྗོངས་རྒྱུའི་གནས་མཆོག་ཡ་རྫི། དཔལ་ཡོན་གྱིས་ཕྱུག་པའི་རྡོ་སྦིས་བཅས་བྱེད་སྒོ་རབ་དང་རིམ་པ་འདི་དག་བདེ་ལེགས་ངང་འགྲུབ་པར་ཁག་ཐེག་བྱ་ཆེད། སྤྲེལ་ལུང་སྡེ་བའི་ཨུ་ལྷན་གཉིས་ཀྱིས་དུས་སྔོན་ནས་སྡེ་བའི་རྒྱ་ཆེའི་བུད་མེད་རྣམས་རྩ་འཛུགས་བྱས་སྟེ་སྐོར་བྲོ་སྦྱོང་འགོ་ཚུགས།

ཟླ1པའི་ཚེས23ཉིན། ཞང་ཏང་ཨུ་དང་སྲིད་གཞུང་གིས་འཁྲབ་སྟོན་རུ་ཁག་གི་སྣེ་ཁྲིད་དེ་བིས་མདོ་ཞང་སྐུ་འབུམ་མཆོད་རྟེན་ཐང་ཆེན་གྱི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོར་ཞུགས། འཁྲབ་སྟོན་པ་ཤ་དཔོན་སྙིང་དར་རྒྱལ་གྱིས་སྤོབས་པ་ཆེར་སྐྱེད་ཀྱིས་བཤད་རྒྱུར། བུས་མདོ་དང་ཀ་རིང་། རྡོ་སྦིས་བཅས་ནས་ཐོན་པའི་ལྷ་རྩེད་དང་བྱ་ཁྱུང་རྔ་འཆམ་འཁྲབ་སྟོན་རུ་ཁག་སྐོར་སྐྱོད་འཁྲབ་སྟོན་ལ་ཞུགས། ཡུལ་དངོས་དེ་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་པས། ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཅེས་བཤད།

སྤྱི་ཟླ2བའི་ཚེས25ཉིན་གྱི་སྔ་དྲོར། རྫོང་ཐོག་ནས་བོད་ཀྱི་ལྷ་རྩེད་དང་བྱ་ཁྱུང་རྔ་འཆམ་གྱི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོའི་འགོ་འཛུགས་མཛད་སྒོ་སྤེལ་བ་དང་། སྤྲེལ་ལུང་སྡེ་བའི་སྡེ་མི་ཤ་གཟུངས་ཀྱིས་ནངས་སྔ་མོ་ནས་ནང་མི་ཁྲིད་དེ་སོང་། འོན་ཀྱང་ཁོའི་བློ་ཡུལ་ལས་འདས་པ་ཞིག་ལ། ཐེངས་འདིའི་བྱ་འགུལ་ཧ་ཅང་གཟབ་རྒྱས་ཡིན་པས་ལྟད་མོ་བའང་སྔོན་དང་བསྡུར་ན་ཤིན་ཏུ་མང་། ཤ་གཟུངས་ཀྱིས་འདི་ལྟར་བཤད་རྒྱུར། སྔོན་ཆད་འཚོ་བའི་ཆ་རྐྱེན་མི་ལེགས་པས། འདི་འདྲའི་སྲོལ་རྒྱུན་བྱ་འགུལ་ལོ་རེར་ཐེངས་གཅིག་མ་གཏོགས་མཐོང་མི་ཐུབ། གཞི་རྒྱའང་ཆུང་། ད་ལྟ་འགྲིམ་འགྲུབ་སྟབས་བདེ་ཡིན་པ་དང་འཚོ་བའི་ཆ་རྐྱེན་བཟང་བས། ང་ཚོ་རྫོང་ཐོག་ཏུ་ཡོང་སྟེ་ལྟད་མོ་ལ་བལྟ་བར་སྟབས་བདེ་ཡིན་པས་ང་ཚོ་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་ཡོད་ཅེས་བཤད།

མི་རྣམས་ཀྱི་གོམ་པ་གསར་བ་གྱོན་ཡོད་པ་དང་། ཅོག་ཙེ་སྟེང་གི་ཟས་ཞིམ་པོ་གང་རེ་གང་རེ། བདེ་ཞིང་སྐྱིད་པའི་ཁང་བ་གསར་བ་རེ་རེ། གཙང་ཞིང་སྙོམས་པའི་སྣུམ་ལམ་རེ་རེ། ད་དུང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་རེ་རེ་མཐོང་རྗེས། སྤྲེལ་ལུང་སྡེ་བའི་ཏང་ཡོན་ཚེ་རིང་བཀྲ་ཤིས་ཀྱིས་འཚོ་བར་སེམས་ཁྲལ་བྱེད་མི་དགོས་པ་དང་མཚར་སྡུག་ལྡན་པའི་ཉི་མ་རེ་རེ་ནི་ང་ཚོའི་དོན་དངོས་འཚོ་བའི་སྣང་བརྙན་ཡིན་ཞེས་བཤད།

ཉམས་འགྱུར་ལྡན་པའི་སྟངས་སྟབས་ཀྱིས་མི་རྣམས་ཀྱི་དགའ་སྤྲོ་མཚོན་པ་དང་། དཔའ་ངར་གྱིས་ཕྱུག་པའི་སྟངས་སྟབས་ཀྱིས་མི་རྣམས་ཀྱི་ཡིད་ཆེས་མཚོན། དེང་སྐབས་རྡོ་སྦིས་ཞང་ནི་གར་སྟེགས་གསར་བ་ཞིག་དང་མཚུངས་ལ། གར་ལ་མཁས་པའི་བོད་རིགས་མི་དམངས་ཀྱིས་ཁོ་ཚོའི་སྟངས་སྟབས་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་བའི་རེ་སྙེག་མངོན་པ་དང་། མཛེས་སྡུག་ལྡན་པའི་འཚོ་བ་གསར་པར་རྒྱུན་མི་འཆད་པར་འབད་འབུངས་བྱེད་བཞིན་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།