གསེར་མོ་ལྗོངས་ཀྱི་རོལ་བཅུད་ལྡན་པའི་འོ་མ།

binary_middle (9).jpg

binary_middle (10).jpg

ལིའུ་ཏེ་ཡིས་ལོ་འགར་རྒྱུན་མ་ཆད་པར་རྒན་བཀུར་ཁང་གི་རྒན་པ་དག་ལ་རིན་མེད་ཀྱི་འོ་མ་གསར་བ་འདོན་སྤྲོད་བྱས།

གསེར་མོ་ལྗོངས་ཀྱི་རོལ་བཅུད་ལྡན་པའི་འོ་མ།

ཁོང་ནི་སྐབས་གསུམ་པའི"རབ་མཛེས་མཚོ་སྔོན་གྱི་མི་སྣ"ཞེས་པའི་མིང་འདོན་བྱ་དགའ་ཐོབ་མཁན་དེ་ཡིན། ངས་བསམ་ན་འདི་ནི་ཁོང་གིས་ལོ་མང་ཉིན་གཅིག་ལྟར་གཞན་ལ་རོགས་རམ་བྱེད་པར་སྤྲོ་བའི་ཆེས་ལེགས་པའི་གཟེངས་བསྟོད་ཡིན་པར་འདོད། གཟི་བརྗིད་ཀྱི་འོད་དཔལ་རྒྱབ་ནས་ཁོང་ནི་ཞིང་བ་རྐྱང་མ་ཞིག་ཡིན་ལ། ཁོང་གིས་དངོས་པོ་སྐྱེལ་འདྲེན་གྱི་ལས་ཀ་དང་རླངས་འཁོར་ཞིག་གསོ་ཁང་ཡང་བཙུགས་མྱོང་།  ད་ལྟ་ཁོང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གི་བཞོན་མ་གསོ་བའི་མཉམ་འབྲེལ་ཚོགས་པའི་འགན་ལེན་པ་རུ་གྱུར་ཡོད།

ཁོང་གི་མིང་ལ་ལིའུ་ཏེ་ཟེར་བ་དང་ཧའེ་རིགས་ཀྱི་སྐྱེས་པ་ཞིག་ཡིན་ཞིང་རེབ་གོང་རྫོང་རོང་བོ་གྲོང་རྡལ་ཞང་ཁྲའོ་དབྱང་སྡེ་བ་ནས་ཡིན། སྡེ་བ་འདི་ལ་ཁྱིམ་ཚང21མ་གཏོགས་ལས་མེད་པར་མ་ཟད་ཚང་མ་ཧའེ་རིགས་ཀྱི་མང་ཚོགས་ཡིན། ལོ་མང་འདས་རྗེས་མི་མང་པོ་ཞིག་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གནས་སྤོ་བྱས་ཟིན་མོད། ལིའུ་ཏེ་ཡིས་སེམས་ཁོང་ནས་བརྩེ་བ་ཟབ་མོ་བཅངས་ཡོད་པའི་ཕ་ཡུལ་སྔར་བཞིན་བསྲུང་ནས་བསྡད་ཡོད།

ལིའུ་ཏེ་མཐོང་དུས་ཁོང་གི་བབ་ཆགས་ཀྱི་ཕྱི་ཚུལ་དང་སྐད་ཆ་ཡིས་ཞིང་བ་ཞིག་གི་གཤིས་འཇམ་གཞུང་དྲང་དེ་མངོན་ཡོད།

ཡང་ན་འབྲལ་གླགས་མི་ཕོད་པའི་ཕ་ཡུལ་ལ་བཅངས་བའི་བརྩེ་བ་ཟབ་མོ་དེས་རྒན་བཀུར་ཁང་དང་ཁོང་གཉིས་བར་ལ་ལས་འབྲེལ་རྡོ་རྗེའི་མདུད་པ་བརྒྱབ་ཡོད་དེ། རེབ་གོང་རྫོང་གི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་བརྩེ་སེམས་ཀྱི་ཆུ་གཏོར་བའི་མ་དཔེ་རུ་གྱུར་ཡོད། དགེ་བའི་ལས་སྒྲུབ་ཀྱང་རང་གི་མིང་མི་འགོད་པ་ལོ་མང་པོར་རྒྱུན་འཁྱོངས་བྱས་པས། ཁོང་གི་དགེ་བའི་བྱ་སྤྱོད་ཀྱི"གསང་བ་བརྟོལ"དུས་སུ། ལིའུ་ཏེ་ཞེས་པའི་མིང་དེ་སྐད་ཅིག་ཉིད་ལ་ཕྱོགས་བཞིར་ཁྱབ་སྟེ།  རྫོང་སྲིད་གཞུང་གི་གཞུང་ལས་ཁང་ནས་སྲང་ལམ་གྱི་ཚོང་ཁང་བར་གྱི་མི་ཚང་མས་རྒྱུན་པར་འོ་མ་གསར་བ་སྐྱེལ་བའི་ལྷག་བསམ་ཅན་གྱི་མི་དེ་ངོ་ཤེས།

ལིའུ་ཏེ་ཡིས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར།  ཐོག་མར་སྐྱེལ་བའི་དུས་སུ་འོ་མ་ཁྱེར་ནས་རྒན་བཀུར་ཁང་གི་སྒོ་སྲུང་ཁང་དུ་བཞག་པ་དང་། ཕྱི་ཉིན་དགོང་མོ་ཡང་གཅིག་ཁྱེར་ཏེ་སྔུན་དགོང་མའི་འོ་མའི་སྣོད་བརྗེས་ནས་མུ་མཐུད་དུ་སྐྱེལ་བ་ཡིན།  སྐབས་དེའི་སྒོ་སྲུང་གིས་ཀྱང་རྒན་བཀུར་ཁང་གིས་འོ་མ་གསར་བ་ཉོས་ཏེ་ཁོང་གིས་མངག་ཉོ་བྱེད་པར་འགན་འཁུར་བཞིན་ཡོད་པར་འདོད།

ཁོང་གི་ཁྱིམ་ནི་རྫོང་མཁར་དང་སྤྱི་ལེ18ཡོད་མོད།  གྲང་ངར་དང་ཚ་གདུག་ཇི་ལྟར་ཆེ་ནའང་རྒན་བཀུར་ཁང་གིས་དགོང་མོར་དུས་ལྟར་འོ་མ་གསར་བ་འབྱོར་ཐུབ་པར་མ་ཟད་ལྗིད་ཚད་ནི་དུས་ད་བར་དུ་འགྱུར་མ་མྱོང་།  ཅིའི་ཕྱིར་འདི་ལྟར་རྒྱུན་འཁྱོངས་བྱེད་ཐུབ་སོང་བ་རེད་ཅེས་འདྲི་སྐབས་སུ་ཁོང་གི་ལན་ནི་ཧ་ཅང་སླ་སྟེ།   “རྒན་བཀུར་ཁང་གི་རྒན་པ་ཚང་མ་ནི་བོད་རིགས་ཡིན་ལ། ལོ་ན་ཆེས་མཐོ་བ་ནི103ཡིན་པར་མ་ཟད། ལོ་ན80ཡན་གྱི་རྒན་པ20ལྷག་ཡོད། ས་གནས་ཀྱི་གོམས་ལོབས་ལྟར་ན་ཞོགས་པ་ལངས་རྗེས་སུ་ཐོག་དང་པོར་འོ་མ་འཐུང་དགོས་པས།  འདི་ལྟར་སྒྲུབ་པ་ནི་རྒན་པ་རྣམས་ཀྱིས་ཞོགས་པར་རང་ཉིད་ཀྱི་འདོད་བློ་ལྟར་རོལ་བཅུད་ལྡན་པའི་འོ་མ་འཐུང་ཐུབ་རྒྱུས་རེ་བ་ཡིན།”

བཞོན་མ50གསོ་བའི་མཉམ་ལས་ཁང་གཉེར་བའི་སྦྱིན་བདག་ཅིག་ལ་མཚོན་ན།  ཁོས་རྒྱུན་པར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་དངོས་སུ་ལས་ཀ་ཞུགས་ནས།   ཞོགས་པའི་ཆུ་ཚོད་ལྔའི་སྟེང་ལངས་ཏེ་གཟན་ཆས་སྟེར་བ་དང་འོ་མ་བཞོ་བ།  ཟོག་ཁང་ལ་གཙང་སྤྲ་བྱེད་པ་སོགས་ཉིན་གང་བོའི་ལས་ཀ་སྒྲུབ་ཚར་དུས་ཆུ་ཚོད་བདུན་ལ་སླེབས་ཡོད།  བཞོས་ཚར་བའི་འོ་མའི་གྲངས་ཀ་ལོངས་ཚེ་མྱུར་མོར་རང་ཉིད་དང་ཡང་ན་བུ་ཆུང་ལ་སྐྱེལ་དུ་འཇུག

རྒྱུན་པར་འོ་མ་གསར་བ་རྒྱ་མ་ཉེར་ལྔ་སྐྱེལ་བཞིན་ཡོད་ཅིང་།  2016ལོའི་ཟླ8ནས་ད་བར་དུ་འོ་མ་རྒྱ་མ་གཅིག་རེ་ཁྲོམ་རའི་རིན་གོང་སྟེ་སྒོར8རེ་ལྟར་སྤྱི་ཁོག་གིས་རྩིས་བརྒྱབ་ཚེ།  ལོ་གཉིས་དང་ཕྱེད་ཀའི་ནང་དུའང་སྒོར་ཁྲི10་ལྷག་ཙམ་ཡོད་པས།   སྤྱིར་བཏང་གི་ཞིང་བའི་ཁྱིམ་ཚང་ཞིག་ལ་ཆ་མཚོན་ནས་བཤད་ན།  དེ་ནི་གྲངས་ཀ་ཉུང་ངུ་ཞིག་མ་ཡིན་མོད་ཁོར་མཚོན་ན་འདི་ལ་དངོས་ནས་བློ་བཀྱེད་ཡངས་བ་སྟེ“རང་ཉིད་ཀྱི་ལག་ལེན་ཆུང་ངུ་ཙམ་གྱིས་སྤྱི་ཚོགས་ལ་དྲིན་གཟོ་བྱ་ཐུབ་པ་ནི་ཆེས་ལེགས་པའི་ཐོབ་བྱ་ཡིན།”

ལིའུ་ཏེ་ཞེས་པའི་མིང་དེ་རྒན་བཀུར་ཁང་གི་རྒན་པ་དག་གིས་སེམས་སུ་འཇགས་པ་ནས་བཟུང་། བོད་རིགས་རྒན་པ་དག་གིས་ཆེས་ལྷག་བསམ་ཟོལ་མའི་བཀའ་དྲིན་ཞུ་ཚུལ་ཏེ“བཀའ་དྲིན་ཆེ། བཀའ་དྲིན་ཆེ”ཞེས་བཤད།   ཐ་ན་རྒན་པ་ཁ་ཤས་ཀྱིས་དེའི་དོན་དུ་ཡིད་འགུལ་ཐེབས་ནས་སྤྱན་ཆབ་བསིལ་བ་ཡང་ཡོད།

རིན་མེད་ངང་འོ་མ་གསར་བ་སྐྱེལ་བའི་བརྩེ་བ་ཆེན་པོའི་བྱ་སྤྱོད་ནས་ཁོ་བོ་འཚོ་སྡོད་བྱེད་སའི་ཞིང་སྡེ་བར་ཁྱབ་ཡོད། སྡེ་བའི་ནང་གི་མ་ཅིང་ཁྲེང་དང་མ་ཀྲུང་ཧྲན་གཉིས་ཀ་ནི་དབུལ་ཕོངས་ཁྱིམ་ཚང་ཡིན་པས། ཁོ་གཉིས་ལ་གཏན་འཇགས་གྱི་ཡོང་འབབ་ཅིག་ཡོད་ཆེད། ལིའུ་ཏེ་ཡིས་ཁོ་གཉིས་རང་ཉིད་ཀྱི་གསོ་སྤེལ་ར་བའི་ནང་དུ་ལས་ཀ་བྱེད་དུ་བཅུག་ཅིང་། ཟླ་རེར་སྒོར3000ལྷག་གི་ཟླ་ཕོགས་བྱིན། ལོ་གཉིས་ཀྱི་རྗེས་སུ་ཁྱིམ་ཚང་འདི་གཉིས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་ཕྱིན་ཡོད་པར་མ་ཟད། དེང་སྐབས་ཁོ་ཚོས་རང་ཉིད་ཀྱི་བྱ་བཞག་ལ་འབད་འབུངས་བྱེད་བཞིན་ཡོད།

ལིའུ་ཏེ་ཡིས་བཤད་རྒྱུར། བརྙན་འཕྲིན་ཐོག་ནས་རང་ཉིད་ནི་སྐབས་གསུམ་པའི“རབ་མཛེས་མཚོ་སྔོན་གྱི་མི་སྣ”ཡི་མིང་འདོན་བྱ་དགའ་ཐོབ་པ་མཐོང་དུས། སི་ཁྲོན་སོགས་ཁ་ཐག་རིང་སའི་གྲོགས་པོ་དག་གིས་ཀྱང་ཁ་པར་ཡོང་སྟེ་སྤྲོ་བའི་ངང་ནས“ཁྱོད་ངོ་མ་ངར་བ་རེད། རྨ་ལྷོའི་ཆེད་དུ་གཟི་བརྗིད་བརྩད་བྱུང ”ཞེས་བཤད།

“བཞོན་མ་གསོ་བའི་མཉམ་ལས་ཁང་ཉིན་གཅིག་ལ་གནས་ཙ་ན། ངའི་དགེ་བའི་ལས་དོན་དེ་མུ་མཐུད་དུ་བསྒྲུབ་སྲིད།” ལིའུ་ཏེ་ཡིས་དགེ་བའི་ལས་ཀྱི་བྱ་སྤྱོད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཆེན་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ། གསེར་མོ་ལྗོངས་ཀྱི་འོ་མའི་རོ་བཅུད་དེ་བས་མངར་ཞིང་བྲོ་བ་ལྡན་པར་རྒྱུན་རིང་དུ་བཅུག

          དངོས་སྦྱོང་སློབ་མ་གཅོད་པ་སྐྱིད་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།