མཚོ་སྔོན་འཐུས་ཚབ་ཚོགས་པས་ཤུགས་ཆེན་པོས་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་ཡོད་ལ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ཞིང་། རང་རྒྱལ་གྱི་ཚྭ་མེད་ཆུ་བོའི་ཐོན་ཁུངས་ཀྱི་གསབ་སྤྲོད་བྱ་ཡུལ་གལ་ཆེན་དང་མཐོ་སྒང་གི་སྐྱེ་དངོས་རིགས་སྣ་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཡིན། དམིགས་བསལ་གྱི་ས་ཁམས་གནས་ཡུལ་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས། སྐྱེ་ཁམས་བྱེད་ནུས་གལ་ཆེན་གྱིས་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཉེན་འགོག་གི་གྲུབ་ཆ་གལ་ཆེན་དུ་གྱུར་བ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཞན་འགྱུར་ལ་ཐོག་མའི་བཀག་འགོག་བྱས་ཤིང་། བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་། 2014ལོའི་ཟླ1པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས«མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྐབས་གཉིས་པའི་བཟོ་སྐྲུན་འཆར་གཞི»དཔར་ནས་བཀྲམ་ཞིང་། འཆར་གཞིའི་འཛུགས་སྐྲུན་དུས་ཚོད་ནི2013ནས2020ལོའི་བར་རེད། «འཆར་གཞི»ལག་བསྟར་བྱས་པ་ཅུང་བདེ་བླག་ཡིན་ཞིང་། བཟོ་སྐྲུན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་གྱི་ལོ་རེའི་སྐྱེ་ཁམས་ལྟ་ཞིབ་སྙན་ཞུའི་མཇུག་འབྲས་ལས་ཤེས་གསལ་བྱུང་བ་ལྟར་ན། ཆུའི་རྒྱ་ཁྱོན2012ལོའི་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་དགུ་ནས2016ལོར་བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན་ལ་འཕར་བ་དང་། བཟོ་སྐྲུན་ཁུལ་གྱི་ནགས་ཚལ་གྱི་ཁེབས་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་གཅིག་གིས་ཇེ་མང་དུ་སོང་ཞིང་། ཆ་སྙོམས་མཐོ་ཚད་ལིས་རྨིད་ཐིག་ཚེག་བརྒྱད་གཉིས་ཀྱིས་ཇེ་མཐོར་སོང་ལ། བྱེ་འགྱུར་ས་ཞིང་ལ་ལྟ་ཞིབ་ཚད་ལེན་བྱས་པའི་སྔོ་ཁེབས་ཀྱི་ཚད་དེ2011ལོའི་བརྒྱ་ཆའི་སོ་གསུམ་དང་གྲངས་ཆུང་གསུམ་དྲུག་ནས2016ལོར་བརྒྱ་ཆའི་སོ་དགུ་དང་གྲངས་ཆུང་བཞི་ལ་ཇེ་མཐོར་སོང་། 2016ལོར་རོང་འབྲོག་དམངས་ཀྱི་མི་རེའི་ཡོང་སྒོ་རྐྱང་རྐྱང་སྒོར་སྟོང་བདུན་དང་སུམ་བརྒྱ་ལ་སླེབས། ལས་གཞིའི་ཁུལ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་བཅངས་པའི་ངེས་ཤེས་གཏིང་ཟབ་ཏུ་སོང་ལ། རང་འགུལ་གྱིས་ཞུགས་པའི་འདུ་ཤེས་ཀྱང་ཡོངས་ཁྱབ་ཏུ་ཇེ་མཐོར་སོང་།

མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་གཅིག་ནས་སྔར་ལས་ལྷག་པའི་སྒོ་ནས་ལོ་རེའི་མ་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་ནས་འཆར་གཞིའི་དུས་མཇུག་ལ་སླེབས་དུས་འཛུགས་སྐྲུན་འགན་ཁུར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། གཉིས་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་བྱ་བར་ཟུང་སྦྲེལ་བྱས་ཏེ་མཚོ་སྔོན་གྱིས་རྨ་འབྲི་རྫ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གསུམ་པའི་དུས་རིམ་སྔོན་མའི་ཞིབ་འཇུག་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་འབྲེལ་མཐུད་དམ་པོ་བྱེད་པ་མངོན་འགྱུར་བྱེད་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།