རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་ཝང་གོ་ཧྲིན་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོར་བདམས་པ་དང་ཝང་ཅན་ཅུན་དང་ཀྲང་ཀོང་རོང་གཉིས་ཀ་ཚོགས་གཙོ་གཞོན་པར་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས3ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཝང་གོ་ཧྲིན་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོར་བདམས་པ་དང་ཝང་ཅན་ཅུན་དང་ཀྲང་ཀོང་རོང་གཉིས་ཀ་ཚོགས་གཙོ་གཞོན་པར་བདམས།

ཚོགས་ཐོག་ནས་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་ལ་སྤྲད་ནས་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།

ཝང་གོ་ཧྲིན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ས་ཡ་དྲུག་ཙམ་གྱི་མངག་བཅོལ་དང་དུ་བླངས་ཏེ། པེ་ཅིན་ནས་རྒྱལ་དོན་ལ་མཉམ་གྲོས་བྱེད་པའི་འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཡང་ཧ་ཅང་ལྕི། འཐུས་མི་སོ་སོས་བསམ་བློའི་ངོས་ཟིན་ཇེ་མཐོར་བཏང་སྟེ་ཆབ་སྲིད་སྐྱོང་བ་དང་ཁྱོན་ཡོངས་ལ་དམིགས་པའི་མཐོ་ཚད་ནས་བསམ་བློ་དེ་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཚོགས་ཆེན་གྱི་རེ་བ་སྣ་ཚོགས་སྟེང་གཅིག་གྱུར་བྱེད་དགོས་པར་མ་ཟད། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལས་འགན་བསམ་པ་དྲག་པོ་བཅངས་ཏེ་ནན་ཏན་སྒོས་གྲོས་ཚོགས་བཟང་བོར་བསྡུ་བ་དང་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས། གཏན་འཁེལ་བྱས་པའི་རེ་བ་ནན་ཏན་སྒོས་ལག་བསྟར་བྱས་ཏེ་རྩ་དོན་རྒྱུན་འཁྱོངས་དང་ལྟ་སྐུལ་ནུས་པ་ཇེ་ཆེར་གཏོང་བ་དང་། གྲོས་ཚོགས་ཀྱི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱས་ཏེ་གཟབ་ནན་ཡིན་པའི་སྒྲིག་ལམ་གྱིས་གྲོས་ཚོགས་ལ་སྟོབས་ལྡན་འགན་སྲུང་འདོད་སྤྲོད་བྱེད་དགོས་པ་དང་། སྤྲོ་སེམས་ཆེ་ཞིང་དངོས་གཉེར་གྱི་སྙིང་སྟོབས་བརྟེན་ནས་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་མཚོ་སྔོན་གྱི་སྣང་བརྙན་སྲུང་འཛིན་བྱེད་པ་དང་མཚོ་སྔོན་གྱི་གྲུབ་འབྲས་དྲིལ་སྒྲོག་བཟང་བོ་བྱེད་དགོས་ལ། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོས་ཚོགས་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མུའུ་ཏུང་ཧྲིན་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་གོ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཡན་པད་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།