ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་མཇུག་བསྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་མཇུག་བསྒྲིལ་བ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་འོས་འགན་གཙོ་བོ་ནི་ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་རྒྱུར་བཀོད་སྒྲིག་དང་། དངོས་ཡོད་གནས་ཚུལ་དང་དམ་པོར་འབྲེལ་ཅི་ཐུབ་བྱེད་པ། སྦྱངས་པ་སྤྱོད་གོ་ཆོད་པར་བྱེད་པ་བཅས་ལ་འབད་དེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འདི་ཉིད་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྣམ་པར་རྒྱས་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཀྱང་ཚོགས་ཐོག་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཙུང་ལི་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།

ཝང་གོ་ཧྲིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུས་ཀྲུང་གོ་གུང་ཁྲན་ཏང་གི་ཕུགས་བསམ་ཡིད་རྟོན་གྱིས་སྒོ་ཀུན་ནས་སྣེ་སྟོན་བྱེད་པ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློས་སྒོ་ཀུན་ནས་རྨང་རྟེན་བཅའ་བ། འགན་འཁྲི་གཙང་ལེན་གྱི་སྣང་བརྙན་གྱིས་སྒོ་ཀུན་ནས་འདེགས་སྐྱོར་བྱེད་པ་བཅས་བཏོན་ཡོད་ཅིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དུས་རབས་གསར་པར་ཁ་ཕྱོགས་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཡིན་པ་དང་། མར་ཁེ་སི་རིང་ལུགས་གྱི་བདེན་དོན་གཟི་མདངས་ཕྱོགས་བཅུར་འཕྲོས་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཀྱང་ཡིན། མཚོ་སྔོན་གྱི་འཐུས་མིས་འགན་འཁྲི་ཡིད་ལ་བཅངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པ་དང་ཡིད་ཆེས་ཟབ་མོ་འཁྱེར་ནས་ཕྱིར་མཚོ་སྔོན་དུ་ལོག་པ་ཡིན་ལ། ཡིད་ཆེས་དེ་ནི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་ལས་བྱུང་བ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་ཡང་དག་ལས་བྱུང་བར་ཐེ་ཚོམ་མེད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་བསམ་བློ་དང་སྦྱོར་བ་གཉིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་ཡོད་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་དགོས། བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་ཀྱི་སྟེང་ནས་རང་རྟོགས་ཡོད་པར་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་བསྡུས་གཅིག་གྱུར་ཚད་མཐོན་པོ་བྱེད་པ། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་ལ་འབད་མཐར། མཚོ་སྔོན་འཛུགས་སྐྲུན་བྱས་པ་སྔར་ལས་ལེགས་ཤིང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་གཞུང་ལུགས་དང་ལག་ལེན། ལོ་རྒྱུས། དངོས་ཡོད་བཅས་རྒྱབ་རྟེན་དུ་བཟུང་ནས། ཏང་འཛུགས་བྱ་བའི་རླབས་ཆེན་བཟོ་སྐྲུན་གསར་པ་ཡར་ལྡན་དུ་སྤེལ་བ་དཀྱིལ་སྙིང་དུ་བཟུང་སྟེ། ཕྱོགས་གསུམ་གྱི་ཐད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ཡང་དག་ལེན་དགོས་པ་དང་། ཚོགས་ཆེན་གྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་ཐབས་སྐོར་ནས་བསམ་ཚུལ་བཏོན། གཅིག་ནས་གུང་ཁྲན་ཏང་མིས་དུས་ནམ་ཡིན་རུང་མེས་པོའི་སྲོལ་རྒྱུན་འདོར་མི་རུང་བར། དུས་རབས་གསར་པའི་ནང་དུ་རང་གི་ནུས་པ་སྔར་ལས་ཇེ་མཐོར་གཏོང་དགོས། གཉིས་ནས་གུང་ཁྲན་ཏང་མིས་དུས་ནམ་ཡིན་རུང་འགྲན་རྩོད་འདོར་མི་རུང་བར། དུས་རབས་གསར་པའི་ནང་དུ་རང་ཉིད་བཅོས་སྒྱུར་གྱི་དགོངས་དོན་ཡིད་ལ་བཅངས་ནས་ལས་དོན་ཅི་ཡོད་གདོང་གིས་བསུ་དགོས། གསུམ་ནས་གུང་ཁྲན་ཏང་མིས་དུས་ནམ་ཡིན་རུང་བཅོས་སྒྱུར་སྙིང་སྟོབས་འདོར་མི་རུང་བར། དུས་རབས་གསར་པའི་ནང་དུ་སྔར་ལས་ལྷག་པའི་སྒོ་ནས་རང་ཉིད་ཐོད་བརྒལ་དང་བྱེད་ནུས་ཆུ་ཚད་ཇེ་མཐོར་གཏོང་བ། འགན་འཁྲི་དང་འོས་འགན་ལ་འཚམ་པོ་ཡོང་བར་འབད་དགོས་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་ཀྱིས་ཏང་ཡོངས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་བྱེད་པ་དང་དུས་རྟག་པར་འགན་འཁྲི་ཡིད་ལ་ཉར་བ། དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་ཡར་བརྩོན་བྱེད་པ་བཅས་ཀྱི་སྙིང་སྟོབས་ཀུན་ནས་བསླངས། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནི་ཏང་གི་ཆབ་སྲིད་སྙན་ཞུ་ཡིན་ལ་མི་དམངས་ཀྱི་སེམས་སྒྲ་མཚོན་ཐུབ་པའི་སྙན་ཞུའང་ཡིན་པར་མ་ཟད། ཏང་ཡོངས་ཀྱི་ཤེས་རབ་ཀྱི་ཞུན་མ་དང་ཏང་གི་མགོ་ཁྲིད་ཀྱི་བསམ་བློའི་རྒྱས་བཤད་ཀྱང་ཡིན། དེ་མིན་ད་དུང་དུས་རབས་ཀྱི་འདྲ་གཟུགས་གསོན་པོ་དང་དུས་རབས་ཀྱི་བརྩམས་ཆོས་སྤུས་ལེགས་ཀྱང་ཡིན་ཟེར།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཁོངས་མི། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ། ཞིང་ཆེན་དམག་ཁུལ་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྲིད་མགོ་གཙོ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ། མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ ཟི་ལིང་གྲོང་ཁྱེར་གྱི་ཐིན་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ། ཞིང་ཆེན་ཁེ་ལས་དོ་དམ་ལས་ཁུངས་དང་དམངས་གཙོའི་ཏང་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྡེ་ཁག་གི་ཆེད་མཁས་པ་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཟུར་ཞུགས་བྱས།   །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།