མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་བྱ་བར་ཤུགས་བསྣན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་བོད་ཁུལ་གྱི་བྱ་བའི་གནས་ཚུལ་དངོས་ལ་དམིགས་ནས། བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་བྱ་བ་ཤུགས་ཆེན་པོས་ཇེ་དྲག་ཏུ་བཏང་སྟེ། གཞི་རིམ་ལས་བྱེད་པའི་གཞི་རྩའི་ནུས་པ་མཐོར་འདེགས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་དམ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ལ་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་བོད་རྒྱ་སྐད་གཉིས་གསོ་སྦྱོང་བྱ་བ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་བྱས་པ་ཡིན། ཉིས་སྟོང་བཅུ་ལོའི་ཚུན་ལ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གཏན་འཁེལ་བྱས་པ་དང་། བོད་ཁུལ་གྱི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་ལ་མཛུབ་སྟོན་བྱས་ཏེ་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་པ་དང་ས་ཆ་སོ་སོའི་གསོ་སྦྱོང་དགེ་མཚན་འདོན་སྤེལ་དང་སྔོན་འདོན་བྱས་ཏེ་ཧུར་ཐག་གིས་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ལ་སློབ་སྦྱོང་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པར་མ་ཟད། རིམ་བཞིན་མཚོ་སྔོན་གྱི་གཞི་རིམ་ལས་བྱེད་དཔུང་སྡེའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ཐབས་ལམ་གསར་བ་ཞིག་འཚོལ་ཞིབ་བྱས།

རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་གོང་འོག་མཉམ་འགུལ་བྱས་ཏེ་ལོ་རེར་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་བོད་རྒྱ་སྐད་གཉིས་ཀྱི་ཤེས་བྱ་འགྲན་སྡུར་བྱ་འགུལ་སྤེལ་བ་བརྒྱུད། རྐང་འཛིན་པའི་སྟོབས་ཤུགས་གསོ་སྐྱོང་བྱས་པ་དང་བོད་རྒྱ་སྐད་གཉིས་ལ་སློབ་སྦྱོང་བྱེད་པ་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཚུད་པར་སྐུལ་འདེད་བཏང་། ས་ཆ་སོ་སོས་གྲོན་དངུལ་འགན་སྲུང་ལ་ཤུགས་བསྣན་ཏེ་ཧུར་ཐག་གིས་ས་ཁུལ་གཞན་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་པ་དང་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ཤུགས་ཚད་ཇེ་དྲག་ཏུ་བཏང་མ་ཟད། ཉམས་མྱོང་བཟང་བོ་སྤྱི་སྡོམ་དང་། ཁྱད་ལྡན་བྱེད་ཐབས་དང་ཕན་ནུས་དྲིལ་སྒྲོག་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་གསོ་སྦྱོང་གི་ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་བཏང་། བསྡོམས་རྩིས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་ཡིག་གི་ཞིང་ཆེན་རིམ་པའི་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭ་དེ་བསྟུན་མར་ལོ་བརྒྱད་ལ་བསྒྲུབས། ལོ་བརྒྱད་ཀྱི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐོག་མཐའ་བར་གསུམ་ཀུན་ཏུ་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་ཡིག་གི་གསོ་སྦྱོང་ཐད་ཤུགས་བསྣན་ཏེ་ལོ་རེར་ཉུང་མཐར་ཡང་ཞིང་ཆེན་རིམ་པའི་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་ལ་བསྒྲུབས་པ་ཡིན། ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་བར་བསྡོམས་པས་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པ་སྟོང་གཅིག་ལྷག་ལ་གསོ་སྦྱོང་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་ཁུར་མི་སྣས་བསྟན་དོན། མཚོ་སྔོན་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པར་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དེ་གཞི་རིམ་བྱ་བའི་དངོས་ཡོད་གནས་ཚུལ་དང་མཐུན་ལ། རྒྱ་ཆེའི་ལས་བྱེད་པའི་དགོས་མཁོ་དང་ཡང་མཐུན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་བྱ་བའི་ཐད་མུ་མཐུད་དུ་རྨ་གཞི་སྲ་བརྟན་དུ་གཏོང་བ་དང་གནད་ཕིགས་གསོ་སྦྱོང་སོགས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྔར་ལས་ལྷག་པའི་སྒོ་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་ངེས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།