ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་མཇུག་སྒྲིལ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་མཇུག་སྒྲིལ།

——གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་གསར་བ་དང་ཞིང་ཆེན་སྒྲིག་ཨུ་གསར་བ་བདམས་ཐོན་བྱུང་། ཝང་གོ་ཧྲེང་གིས་ཚོགས་འདུར་འགོ་འཛིན་མཛད།

5.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པས་ལས་འགན་སོ་སོ་ལེགས་གྲུབ་བྱུང་སྟེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ། བློ་མཐུན་ཝང་གོ་ཧྲེང་གིས་ཚོགས་འདུར་འགོ་འཛིན་མཛད། 

ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་གོ་ཧྲེང་དང་ཝང་ཅན་ཅུན། ལིའུ་ཉིང་། ཀྲང་ཀོང་རུང་། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མིང་། ཝང་ཡུས་པའོ། ཧུའུ་ཁྲང་ཧྲེང་། ཝང་ཡུས་ཡན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི437ཡོད་པ་དང་། དངོས་སུ་འབྱོར་བའི་འཐུས་མི434ཡོད་ལ། ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན། 

ཚོགས་འདུ་ལས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་བཅུ་དགུ་བར་ཞུགས་པར་བདམས་ཐོན་བྱུང་བའི་འཐུས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས། 

ཚོགས་འདུ་ལས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབསབཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཚོགས་འདུས་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་ཐེངས་བཅུ་གསུམ་པའི་འཐུས་མི་ཚོགས་ཆེན་ནི་བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་བྱམས་བརྩེ་ཐུགས་ཁུར་འོག འཐུས་མི་དང་ལས་བྱེད་མི་སྣ་ཡོངས་ཀྱི་འབད་བརྩོན་བརྒྱུད་དེ་ལས་འགན་སོ་སོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་སོང་། ཚོགས་འདུ་ལས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཏང་གི་འཐུས་མི་ཚོགས་ཆེན་ཚུན་གྱི་ལོ་ལྔའི་རིང་གི་བྱ་བ་གཙོ་བོ་ཕྱོགས་བསྡོམས་བྱས་ཡོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྗེས་ཕྱོགས་ལོ་ལྔའི་མཚོ་སྔོན་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ཇུས་འགོད་བྱས་ཡོད་ལ། བརྗོད་བྱ་དང་དམིགས་འབེན་གནད་དུ་འཁེལ་བ།རིག་ལམ་གསལ་ཞིང་བྱེད་ཐབས་ནུས་ལྡན་ཡིན་པའི་སྙན་ཞུ་ཞིག་གྲུབ་ཡོད། གྲོས་ཚོགས་ལས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་ཤིང་། དེ་ནི་དར་ཆ་མཐོར་སྒྲེང་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། དེ་ནི་སྙིང་སྟོབས་ཆེར་སྐྱེད་ངང་མདུན་སྐྱོད་ཡར་སྐུལ་གྱི་ཚོགས་ཆེན་ཞིག་ཡིན། དེ་ནི་བསམ་བློ་བཅིངས་འགྲོལ་དང་རྡོག་རྩ་གཅིག་སྒྲིལ་གྱི་ཚོགས་ཆེན་ཞིག་ ཡིན། དེ་ནི་སྒྲིག་ལམ་གཟབ་ནན་དང་། སྲོལ་བཟང་གཤིས་གཙང་གི་ཚོགས་འདུ་ཞིག་ཡིན་པས། མ་འོངས་པའི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། དེ་ལས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་མང་ཚོགས་ལ་སྐུལ་སློང་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཆེན་པོ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པར་བསྟན།

   ཝང་གོ་ཧྲེང་གིས་བསྟན་དོན། ཐེངས་འདིའི་ཚོགས་འདུའི་སྟེང་། ལས་འགན་གཞན་པ་འཁུར་བཞེས་གནང་བ་དང་ལོ་ཚད་ལོན་པ། བྱ་བའི་དགོས་མཁོ་སོགས་ཀྱིས་སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཁ་ཤས་ཀྱིས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཨུ་ཡོན་གྱི་འགན་འཁུར་རྒྱུ་མིན། བློ་མཐུན་དེ་དག་ལས་གནས་སུ་ཡོད་པའི་སྒང་ལ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ང་ཚོས་ལག་ཟུང་ཐལ་མོ་བརྡབས་ནས་ལྷག་སེམས་ཟོལ་མེད་གྱིས་ཁོ་ཚོར་བཀའ་དྲིན་ཆེ་ཞུ་བ་ཡིན། 

   ཝང་གོ་ཧྲེང་གིས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ཏེ། འཐུས་མི་ཡོངས་དང་། ཚོགས་འདུའི་ལས་བྱེད་མི་སྣ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་ཆབས་ཅིག  ཁོས་བསྟན་དོན། གྲོས་ཚོགས་སྐབས་སུ། ཞིང་ཆེན་གྱི་ལས་རིགས་སོ་སོ་ནས་ཡོང་བའི་འཐུས་མི་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་འགན་འཁུར་བའི་སྙིང་སྟོབས་བསྐྱེད་དེ། རང་བློ་གང་ཤར་དང་གྲོས་མང་ཞིབ་བསྡུར་བརྒྱུད་དེ་ཇུས་ལེགས་འཆར་ཆེན་ཇུས་འགོད་བྱས་ཏེ། ཚོགས་འདུ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བར་འབད་བརྩོན་ལྷོད་མེད་བྱས། ལས་བྱེད་མི་སྣ་ཡོངས་ཀྱིས་ཚོགས་འདུའི་དྲུང་ཡིག་ཁྲུའུ་ཡི་མགོ་ཁྲིད་འོག   རང་འགན་བརྩི་སྲུང་དང་བྱ་བ་ནན་བསྒྲུབས་བྱས་ཏེ་གྲོས་ཚོགས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བར་འགན་སྲུང་མཁོ་འདོན་བྱས། 

   ཝང་གོ་ཧྲེང་གིས་བསྟན་དོན། ད་ལྟ་མཚོ་སྔོན་ནི་འཕེལ་རྒྱས་གསར་བ་ཞིག་གི་མལ་ཚུགས་སུ་འགྲེང་ཡོད་ལ།ཚོགས་ཆེན་སྟེང་གཏན་ཁེལ་བྱས་པའི“དུས་མཉམ་གཅིག”དང“སྔར་ལས་བཞི"འབད་བརྩོན་དམིགས་འབེན་དུ་བཞག་སྟེ། རྐང་བ་ས་རུ་ཚུགས་ཤིང་མིག་ཟུང་རྒྱང་ལ་ཕྱོགས་ཏེ་འགྲན་རྩོད་ཀྱིས་ཕྱུག་པ་དང་རེ་བས་ཁེངས་པ་ནི།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གདམས་པའི་མངག་བཅོལ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ང་ཚོར་བཅངས་པའི་རེ་འདུན་ཕྲག་ཏུ་འཁུར་བ་ཡིན་ལ། མཚོ་སྔོན་གྱི་མ་འོངས་བའི་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོར་ཕྱེས་པ་མཚོན་ཡོད། ང་ཚོ་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་དཀྱིལ་སྙིང་ཡིན་པའི་ཏང་ཀྲུང་དབྱང་འཁོར་དུ་མཐུན་སྒྲིལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དངོས་འབེབས་དང་། ཤུགས་ཆེན་པོས“བསྒྱུར་བ་བཞི”ལ་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

ཝང་གོ་ཧྲེང་གིས་ནན་གྱིས་བསྟན་དོན། འཆར་གཞི་ཆེན་པོ་དངོས་འབེབས་བྱེད་པར་ང་ཚོས་ངེས་པར་དུ་བསམ་གཞིགས་ཀྱི་བློ་སྒོ་ཆེ་རུ་ཕྱེས་ཏེ་བྱ་བ་དོན་དུ་གཉེར་བཞིན་སྙིང་སྟོབས་ཆེ་རུ་བསྐྱེད་པ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་བཏང་ནས་སྤྱི་ཡོངས་ཀྱི་གནས་བབ་ཁྲོད་རང་ཚུགས་འཚོལ་བ་དང་། དགེ་སྐྱོན་སྤང་བླང་གི་ལས་ཤུགས་ཆེ་རུ་བཏང་སྟེ། བསམ་བློའི་བཅིངས་འགྲོལ་ཆེན་མོས་མཚོ་སྔོན་གྱི་འཕེལ་རྒྱས་ཆེན་མོར་སྐུལ་འདེད་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་དམ་པ་དོན་གཉེར་གྱིས་ཉིན་རེར་བྱ་བ་རེ་རེ་ལེགས་པོར་བསྒྲུབ་པ་དང་། རུས་སྦལ་ཆུང་རུང་རྒྱང་ཕྲག་བསྐྱོད།  ཆུ་ཕྲན་ཆུང་རུང་རྒྱ་མཚོ་འགངས་ཞེས་པའི་དཔེ་ལྟར་དུས་ཚོད་དམ་འཛིན་བྱས་ཏེ་རྨང་གཞི་ལེགས་པོ་འདིང་དགོས། སྔར་ལས་ལྷག་པའི་སྒོ་ནས་འབད་པ་ཆེན་པོས་ཕྱོགས་ཡོངས་ནས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དངོས་འབེབས་བྱེད་པ་དང་། ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་བཏོན་པའི་དམིགས་ཚད་དང་ང་ཚོས་རིགས་སོ་སོའི་མི་དམངས་ལ་ཁས་བླངས་པའི་དམ་བཅའ་ཁ་བཤད་དོན་དུ་གནས་པར་བྱ་དགོས།

   ཝང་གོ་ཧྲེང་གིས་བསྟན་དོན། ཏང་གི་འཐུས་མི་ནི་གཟི་བརྗིད་ཅིག་ཡིན་པ་མ་ཟད་ལས་འགན་ཞིག་ཀྱང་ཡིན་ལ། ལྷག་པར་འགན་འཁྲི་ཞིག་ཀྱང་ཡིན། ཚང་མས་རེ་བ་སྟོང་ཟད་དུ་མི་གཏོང་བར་འགན་འཁྲི་ལག་ཏུ་བསྟར་བ་དང་། ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ཡང་དག་བྱས་ཏེ་ལག་ལེན་ཡག་པོ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བྱེད་པ་ནི་ད་ལྟ་ནས་རྗེས་ཕྱོགས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ཁྲོད་དུ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས་རྩ་་འཛུགས་ནན་མོ། བཀོད་སྒྲིག་ནན་མོ་ངང་།  ཚོགས་ཆེན་གྱི་དགོངས་དོན་ལྟར་བསམ་བློ་གཅིག་གྱུར་དང་སྤྱི་ཤེས་གཅིག་བསྡུས་ཀྱིས་བསམ་བློ་གཅིག་གྱུར། བསམ་བློ་ཡར་ཐོན། བསམ་བློ་མཉམ་བགྲོད་ཀྱི་ནུས་ཤུགས་སྒྲིལ་འདོན་བྱེད་དགོས་པའི་རེ་བ་བཏོན‘

ཚོགས་འདུ་ཡིས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནི་གཟི་བརྗིད་དང་དཀའ་ཚེགས་ཀྱི་ལས་འགན་ཞིག་ཡིན་ལ། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་དཀྱིལ་སྙིང་ཡིན་པའི་ཏང་ཀྲུང་དབྱང་གི་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོ་རུ་བསྒྲེངས་ནས་དངོས་དོན་གཉེར་བ་དང་གསར་གཏོད་མདུན་སྐྱོད་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་དེ་མ་འོངས་མཚོ་སྔོན་མཛེས་སྡུག་ཅན་དུ་འཛུགས་སྐྲུན་བྱེད་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚོགས་འདུ་རྔམ་ཞིང་བརྗིད་པའི《རྒྱལ་སྤྱིའི་གླུ་དབྱངས》ཁྲོད་མཇུག་སྒྲིལ།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།