མཚོ་སྔོན་འཐུས་ཚབ་ཚོགས་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད་བསྟན་དོན། ཀྲུང་དབྱང་གིས་ཀྲུང་གོའི་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་འཆར་གཞི་ཞེས་པ་དཔར་འགྲེམ་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་མཐོང་ཆེན་བླ་མེད་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་ཁུལ་བཟོ་སྐྲུན་གལ་ཆེ་ཤོས་ཀྱི་གྲས་སུ་བཞག་ནས། ཕྱོགས་ཡོངས་ཀྱི་སེམས་ཤུགས་གཅིག་སྒྲིལ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཚོད་ལྟའི་བྱ་བ་མགྱོགས་མྱུར་དང་གྲུབ་འབྲས་ལྡན་པའི་ངང་ལག་བསྟར་བྱས་ནས། མགོ་ཡག་པོ་ཞིག་བརྩམས་ཡོད། ལྷག་པར་དུ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཞན་ཆ་དག་ལ་ཁ་གཏད་ནས། སྒྲིག་གཞི་དང་ནང་རྐྱེན་གསར་སྤེལ་ཐད་ལ་རྒྱུན་མཐུད་ངང་འཚོལ་ཞིབ་དང་སྔོན་སྐྱོད་བྱེད་བཞིན་ཡོད་ལ། མ་ལག་སྤྱི་ལ་སྲུང་སྐྱོབ་བྱེད་པར་མཉམ་འཇོག་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པའི་གནད་དོན་ཐག་བཅད་ནས། སྐྱེ་ཁམས་སྲུང་སྐྱོབ་ལས་གནས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་གཞི་ཚོད་ལྟ་ཐད་ཀྱི་མ་དངུལ་གཏོང་ཚད་ཇེ་མཐོར་གཏོང་བ། སྤྱི་ཚོགས་གླེང་མོལ་གྱི་དྲིལ་བསྒྲགས་སྣེ་སྟོན་ནུས་པ་དམ་པོར་འཛིན་པ་སོགས་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཟེར།

གྲོས་གཞི་ལས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ལམ་ཐག་རིང་ཞིང་གྲང་ངར་ཆེ་བའི་ས་ཁུལ་དུ་ཡོད་པས། དུས་ཡུན་རིང་བོར་འགྲིམ་འགྲུལ་དང་འཕྲིན་གཏོང་། ནུས་ཁུངས། གློག་ཤུགས། ཆུ་རྙོག་དང་གད་རྙིགས་གཙང་བཅོས་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་རྗེས་ལུས་ཡིན་པ་དང་། ཁོར་ཡུག་སྲུང་སྐྱོབ་དང་སྤྱི་དམངས་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་མིན་པ། མ་དངུལ་འདང་ངེས་མིན་པ། སྔོན་ཆད་ཀྱི་བུ་ལོན་མང་བ་སོགས་རྐྱེན་མང་པོའི་སྟབས་ཀྱིས་སྤྱི་གླིང་དུས་ཡུན་རིང་པོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་དཀའ། དེ་བས་གཅིག་ནས་ཀྲུང་དབྱང་གིས་དེར་དམིགས་བསལ་གྱི་སྲིད་ཇུས་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན་པ་སྟེ། གཅིག་ནི་མཚོ་སྔོན་གྱི་དུས་རིམ་སྔོན་མའི་འབྲེལ་ཡོད་འགྲོ་སོང་ལ་ཁ་གསབ་བྱེད་རྒྱུ་དང་། གཉིས་ནི། ཆེད་སྤྱོད་མ་དངུལ་བཙུགས་ཏེ་རྒྱབ་སྐྱོར་བྱེད་རྒྱུ། གསུམ་ནི་ཀྲུང་དབྱང་གིས་སྒྲིག་སྲོལ་དང་སྲིད་ཇུས་སྔར་ལས་གསལ་པོ་གཏན་ཁེལ་བྱེད་རྒྱུ་བཅས་ཀྱི་གྲོས་གི་བཏོན་པ་ཡིན་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།