ཀན་ལྷོ་ཁུལ་གྱི་སློབ་རའི་ཟས་རིགས་བདེ་འཇགས་ཐད་ཀྱི་སློབ་གཙོའི་གླེང་སྟེགས་ཐོག་མ་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་རའི་ཟས་རིགས་བདེ་འཇགས་ཐད་ཀྱི་སློབ་གཙོའི་གླེང་སྟེགས་ཐོག་མ་ཀན་ལྷོ་ཁུལ་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་ཚོགས།

ཁུལ་ཟས་རིགས་བདེ་འཇགས་གཞུང་སྒྲུབ་ཁང་དང་ཁུལ་སློབ་གསོ་ཅུས། ཁུལ་གཏོགས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ལས་བགོས་སློབ་གཙོ། གཙོས་གྲོང་ཁྱེར་གྱི་དམངས་གཉེར་བྱིས་སྙོར་ཁང་སོ་སོའི་ཡོན་ཀྲང་དང་རྫོང་དང་གྲོང་ཁྱེར་སོ་སོའི་སློབ་གསོ་ཅུས་ཀྱི་འགན་ཁུར་བ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ཀྱི་སྟེང་དུ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་སློབ་རའི་ཟས་རིགས་བདེ་འཇགས་བྱ་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས། ཁུལ་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ཤིས་ཚིག་ཕུལ། སློབ་གྲྭ་འབྲིང་ཆུང་དང་བྱིས་སྙོར་ཁང་ཁ་ཤས་ཀྱི་སློབ་གཙོ་དང་ཡོན་ཀྲང་གིས་རྒྱལ་ཁབ་ཀྱི་སློབ་གྲྭའི་ཟས་རིགས་བདེ་འཇགས་དང་འཚོ་བཅུད་བདེ་ཐང་ཐད་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་དང་། བྱིས་སྙོར་ཁང་གི་ཟས་རིགས་བདེ་འཇགས་དང་འཚོ་བཅུད་བདེ་ཐང་གི་དོ་དམ་དང་། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཟ་ཁང་གི་ཟ་མའི་སྤུས་ཚད་དང་བདེ་འཇགས་ཀྱི་ལྟ་སྐུལ། རོང་འབྲོག་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་བཟའ་བཏུང་གི་སྤུས་ཚད་དང་བདེ་འཇགས་དོ་དམ་སོགས་ཀྱི་གནད་དོན་གཙོ་བོར་དམིགས་ནས་བསམ་བློ་བརྗེ་རེས་བྱས་པ་མ་ཟད། ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། རྗེས་ཕྱོགས་ཀྱི་ལེགས་བཅོས་ཐད་ཀྱི་བསམ་འཆར་དང་གྲོས་གཞི་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གླེང་སྟེགས་སློབ་གྲྭའི་ཟས་རིགས་བདེ་འཇགས་དང་འཚོ་བཅུད་བདེ་ཐང་དོ་དམ་བྱ་བའི་ཉམས་མྱོང་ཕྱོགས་སྡོམ་དང་ཀན་ལྷོ་ཁུལ་གྱི་སློབ་གྲྭ་དང་བྱིས་སྙོར་ཁང་གི་ཟས་རིགས་བདེ་འཇགས་དང་འཚོ་བཅུད་བདེ་ཐང་དོ་དམ་ཐད་ཀྱི་གནད་དོན་དང་དཀའ་ཁག ཉེན་ཁར་དབྱེ་ཞིབ་ཞིབ་གཅོད་བྱེད་པའི་ལས་སྟེགས་གསར་བ་ཞིག་ཏུ་བརྩིས་ནས། སློབ་རའི་ཟས་རིགས་བདེ་འཇགས་དོ་དམ་གྱི་གཞི་རྩའི་ཚད་གཞི་དང་བླང་བྱ་སྔར་ལས་གསལ་བོ་བཟོས་ཤིང་། ཁུལ་ཡོངས་ཀྱི་སློབ་གྲྭའི་ཟས་རིགས་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོར་འདེགས་དང་སློབ་མའི་བཟའ་བཏུང་བདེ་ཐང་ཡོང་བར་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན།།                                                             

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།