ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་གནོད་བསྐྱལ་བར་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱིས་ཚེས་བཅུ་གཅིག་ཉིན་དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་མཁར་རྙིང་ཁུལ་དུ་ཡོད་པའི་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་གནོད་བསྐྱལ་བའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཉིན་དེར་གསར་སྒྲོག་སྤེལ་ཏེ། དབྱི་སི་རལ་སྲིད་གཞུང་གིས་ཡིའུ་ཐེ་བ་དབྱི་སི་ལན་ཆོས་ཁང་དུ་ཡོང་ནས་འཁྲུག་རྩོད་བྱུང་བར་འགན་ཁུར་དགོས་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རབ་རྒྱལ་ཁབ་དག་གིས་མྱུར་དུ་དོན་དེར་ཐེ་གཏོགས་བྱས་ཏེ། དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་དང་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་དམིགས་པའི་དགྲར་འཛིན་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཚེས་བཅུ་གཅིག་ཉིན་ནི་ད་ལོའི་དམར་མཆོད་དུས་ཆེན་གྱི་ཉིན་དང་པོ་ཡིན་པ་དང་། མུའུ་སི་ལིན་འབུམ་གཅིག་ལྷག་གིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་ཕྱག་འཚལ་བཞིན་ཡོད། ཉིན་དེ་ནི་ཡིའུ་ཐེ་བའི་ལོ་རེར་ཐེངས་རེ་ཡིན་པའི་ལྷ་ཁང་བཤིག་པའི་ཉིན་མོར་འཁེལ་ཡོད་ལ། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཡིའུ་ཐེ་བ་དག་ལྷ་ཁང་རི་བོར་སོང་ནས་རྗེས་དྲན་བྱ་འགུལ་སྤེལ་བར་ཆོག་མཆན་བཀོད་པར། མུའུ་སི་ལིན་གྱིས་ངོ་རྒོལ་དྲག་པོ་བྱས་ཏེ་དེར་བཀག་འགོག་བྱས། དེ་བས་དབྱི་སི་རལ་གྱི་ཉེན་རྟོག་པས་དུད་འཕྱུར་འགད་རྫས་སོགས་བཀོལ་ནས་ཕཱ་ལེ་སི་ཐན་གྱི་མི་ཚོགས་གཏོར་རྩིས་བྱས་པས། ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་བ་རེད་ཟེར། 

ཕཱ་ལེ་སི་ཐན་སྨན་བཅོས་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཉིན་དེའི་འཁྲུག་རྩོད་ལས་བསྡོམས་པས་ཕཱ་ལེ་སི་ཐན་གྱི་མི་བཞི་བཅུར་རྨས་ཕོག་ཟེར། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་པ་བཞིར་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།