མེ་གླིང་བྱང་མའི་མཁའ་སྲུང་དམག་སྤྱི་ཁང་གིས་ཨ་ལཱ་སི་ཅཱ་ཉེ་འདབས་སུ་ཨུ་རུ་སིའི་དམག་དོན་གནམ་གྲུ་བཀག་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མེ་གླིང་བྱང་མའི་མཁའ་སྲུང་དམག་སྤྱི་ཁང་གིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱའི་དམག་དོན་གནམ་གྲུས་ཉིན་དེར་ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་ཀྲིག་གི་ཉེ་འདབས་ནས་ཨུ་རུ་སིའི་དམག་དོན་གནམ་གྲུ་གཉིས་བཀག་པ་དང་། ཨུ་རུ་སིའི་དམག་དོན་གནམ་གྲུ་དེ་རྒྱལ་སྤྱིའི་མཁའ་ཁོངས་སུ་འཕུར་བཞིན་ཡོད་ཟེར། 

མེ་གླིང་བྱང་མའི་མཁའ་སྲུང་དམག་སྤྱི་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུ་གཉིས་དང་ཁཱ་ནཱ་ཏཱའི་འཐབ་འཛིང་གནམ་གྲུ་གཉིས་ཀྱིས་ཉིན་དེའི་ཞོགས་པར་ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་ཀྲིག་གི་མཁའ་སྲུང་ཁུལ་དང་ཁཱ་ནཱ་ཏཱའི་མཁའ་སྲུང་ཁུལ་ནས་མཉམ་དུ་ཨུ་རུ་སིའི་འགས་གཏོར་གནམ་གྲུ་གཉིས་བཀག་པ་དང་། དེ་ལས་གཞན་མེ་གླིང་བྱང་མའི་མཁའ་སྲུང་དམག་སྤྱི་ཁང་གི་ཉེན་བརྡ་གཏོང་བའི་གནམ་གྲུ་ཞིག་དང་སྣུམ་སྣོན་གནམ་གྲུ་གཉིས་ཀྱིས་རོགས་སྐྱོར་བྱས་ཡོད། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་དམག་དོན་གནམ་གྲུ་དེ་རྒྱལ་སྤྱིའི་མཁའ་ཁོངས་སུ་འཕུར་བཞིན་ཡོད་པ་དང་ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱའི་མཁའ་ཁོངས་སུ་ཡོང་མེད་ཟེར། 

མེ་གླིང་བྱང་མའི་མཁའ་སྲུང་དམག་སྤྱི་ཁང་ནི་ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ་ཡིས་མཉམ་དུ་གྲུབ་པའི་དམག་དོན་ལས་ཁུངས་ཤིག་ཡིན་པ་དང་། མེ་གླིང་བྱང་མ་ས་ཁུལ་གྱི་མཁའ་སྲུང་ཉེན་བརྡ་གཏོང་བ་དང་འགོག་སྲུང་ལས་འགན་ལག་བསྟར་བྱེད་པའི་འགན་ཁུར་ཡོད།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།