སི་རི་ཡཱ་ཡིས་ཨ་མེ་རི་ཁ་དང་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་སུ་བདེ་འཇགས་ས་ཁུལ་འཛུགས་པར་ཁས་ལེན་མ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་བདེ་འཇགས་ས་ཁུལ་འཛུགས་པར་ཁས་ལེན་མ་བྱས་པ་དང་། བྱ་སྤྱོད་དེ་ལས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་པ་ཐེབས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱ་ཡིས་ཨ་མེ་རི་ཁ་དང་ཐུར་ཁེ་ཡིས་ཁྱབ་སྒྲོག་བྱས་པའི་བདེ་འཇགས་ས་ཁུལ་འཛུགས་པའི་ཆོད་དོན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དེས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་པ་ཐེབས་ཡོད་པར་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་ལ་མངོན་གསལ་གྱིས་འགལ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། གྲོས་མཐུན་དེ་ལས་ཨ་མེ་རི་ཁ་དང་ཐུར་ཁེ་ནི་སི་རི་ཡཱ་ལ་བཙན་འཛུལ་བྱེད་པའི་གྲོགས་པོའི་འབྲེལ་བ་ཡིན་པ་གསལ་བོར་མངོན་ཡོད་ལ། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དེར་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། 

སི་རི་ཡཱའི་སྲིད་གཞུང་གིས་ནམ་རྒྱུན་ཨ་མེ་རི་ཁ་དང་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་བཀོད་སྒྲིག་བྱས་པ་ནི་སི་རི་ཡཱའི་བདག་དབང་ལ་གནོད་བསྐྱལ་བའི་བྱ་སྤྱོད་ཅིག་ཡིན་པར་བསམ་ཡོད་པ་དང་། དོན་དེའི་ཐད་ནས་རྒོལ་གཏམ་གཏོང་བཞིན་ཡོད་པ་རེད།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།