དབྱི་རག་དང་ཨེ་ཅིབ། ཅོར་ཏན་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དང་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཞིའི་ཉིན་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་གྲོས་ཚོགས་བསྡུས་ཏེ། ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བ་དང་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་སོགས་ལ་གྲོས་བསྡུར་བྱས། 

དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་དང་། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི། ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་བཅས་ཀྱིས་ཉིན་དེར་ཚོགས་ཐོག་ནས་གཙོ་བོ་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པ། དབྱི་རག་གི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཏེ། ད་ལོའི་ཟླ་གསུམ་པར་ཨེ་ཅིབ་ཀྱི་ཁེ་རོ་ནས་སྤེལ་བའི་དབྱི་རག་དང་ཨེ་ཅིབ། ཅོར་ཏན་བཅས་ཕྱོགས་གསུམ་གྱི་མགོ་གཙོའི་གྲོས་ཚོགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་། 

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཧཱ་ཅི་མུའུ་ཡིས་བསྟན་དོན། ཕྱོགས་གསུམ་གྱིས་ཨ་རབ་རྒྱལ་ཁབ་དང་དབུས་ཤར་ས་ཁུལ་གྱི་འབྲེལ་ཡོད་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། བདེ་འཇགས་མཉམ་ལས་བཅས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་ཛ་དྲག་གི་འབྲེལ་བའི་ཐད་ནས་ཧཱ་ཅི་མུའུ་ཡིས་དབྱི་རག་གི་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པ་དང་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འདོད་བློ་བསྐྱར་སྒྲོག་བྱས། 

ཧྲུའུ་ཁའེ་ལི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨེ་ཅིབ་ཀྱིས་ཞི་བའི་སྒོ་ནས་ཨ་མེ་རི་ཁ་དང་དབྱི་ལིང་གི་ཉམས་ཉེན་ཐག་གཅོད་བྱས་ཏེ་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་གསུམ་གྱིས་རིམ་པ་སོ་སོའི་གྲོས་ཚོགས་རྐྱེན་སྲོལ་བཙུགས་ཏེ་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

སཱ་ཧྥ་ཏིས་ཀྱིས་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་ཉམས་ཉེན་གང་ཡིན་ཡང་ས་ཁུལ་དེའི་རྒྱལ་ཁབ་ཚང་མར་ཤུགས་རྐྱེན་ཐེབས་སྲིད་པས། རྒྱལ་ཁབ་གསུམ་གྱིས་མཉམ་དུ་འབད་བརྩོན་བྱས་པ་ལ་བརྟེན་ནས་ཉམས་ཉེན་མཇུག་སྒྲིལ་བའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།