ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས4ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་སཱ་ཁཱ་པོར་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ལཱ་ཞེ་མུས་ཀྱིས་གསར་འགོད་པར་བཤད་རྒྱུར། ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་ཡས་མས་སུ། ས་དེའི་བརྙན་འཕྲིན་ཁང་ཞིག་གི་ལས་བཟོ་བ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་འབྲིང་བ་ཞིག་ལ་ཁཱ་པོར་གྱི་ཉེན་ཟོན་ས་ཁུལ་བཅོ་ལྔ་བར་འགད་རྫས་ཀྱི་འཇབ་རྒོལ་ཐེབས་ཏེ། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་དང་ལམ་འགྲོ་བ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། རླངས་འཁོར་སྟེང་གི་བརྙན་འཕྲིན་ཁང་གི་ལས་བཟོ་བ་གསུམ་དང་ལམ་འགྲོ་བ་གཅིག་ལ་རྨས་ཕོག་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། ལཱ་ཞེ་མུས་ཀྱིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་ཐད་ནས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།