ཨ་མེ་རི་ཁའི་ཏའེ་ཏོན་གྲོང་ཁྱེར་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཨིག་ཧི་ཨིག་ཀྲིག་ཏའེ་ཏོན་གྲོང་ཁྱེར་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཞིའི་ཉིན་ཁས་ལེན་བྱས་དོན། ཉིན་དེའི་ཞོགས་པར་གྲོང་ཁྱེར་དེ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མེ་མདས་བརྒྱག་མཁན་དང་བཅས་པའི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་དྲུག་ལ་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། ཚེས་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་ཡས་མས་སུ། སྐྱེས་པ་ཞིག་གིས་ཏའེ་ཏོན་གྲོང་ཁྱེར་གྱི་ཨིག་ལེ་ཀང་ས་ཁུལ་དུ་མེ་མདས་བརྒྱབ་སྟེ་མི་མང་བོར་ཤི་རྨས་བཟོས། སྐྱེས་པ་དེ་ཉེན་རྟོག་པས་བསད་པ་དང་། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་མེ་མདས་བརྒྱག་མཁན་དེའི་ཐོབ་ཐང་གསལ་བོར་བསྒྲགས་མེད་པ་དང་། མེ་མདས་བརྒྱག་མཁན་དེའི་དམིགས་ཡུལ་ཡང་མིག་སྔར་ད་རུང་གསལ་བོར་མི་ཤེས། མིག་སྔར་རྒྱལ་ཕྲན་མཉམ་འབྲེལ་རྟོག་དཔྱོད་ཅུའུ་ཡིས་ཉེན་རྟོག་ཕྱོགས་ལ་རོགས་འདེགས་བྱས་ཏེ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། 

ད་ནི་དུས་ཚོད་ཉེར་བཞིའི་ནང་ཨ་མེ་རི་ཁའི་མངའ་ཁོངས་ནས་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་གཉིས་པ་རེད། 

ཚེས་གསུམ་ཉིན་གྱི་སྔ་དྲོར། མི་དཀར་གྱི་སྐྱེས་པ་ཞིག་གིས་ཏི་ཁི་སཱ་སི་ཀྲིག་ཨེ་ཨར་ཕཱ་སོ་གྲོང་ཁྱེར་གྱི་བོ་ཨར་མཱ་ཚོང་ར་ཞིག་ནས་མེ་མདས་བརྒྱབ་སྟེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།