ལི་པི་ཡའི་ཟིང་ཟིང་གི་གནས་བབ་དེ་ཞི་འཇགས་འབྱུང་དཀའ་བར་གྱུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉེ་སྔོན་གྲོས་ཚོགས་བསྡུས་ནས། ལི་པི་ཡའི་གནས་བབ་སྐོར་གྱི་ཡར་ཞུ་ལ་ཉན། ཚོགས་འདུའི་རྗེས་སུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས། ལི་པི་ཡའི་རྒྱལ་ས་ཏི་ལེ་པོ་ལེའི་འདབས་རོལ་གྱི་ཡུལ་གྱར་བ་བསྡུ་ཉར་བྱེད་སར་བར་སྣང་གི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། ལི་པི་ཡའི་ཕྱོགས་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད་རྒྱལ་ཁབ་གཞན་པས་དེར་ཐེ་གཏོགས་མི་བྱེད་རྒྱུའི་རེ་བ་བཏོན། གསལ་བསྒྲགས་ནང་དུ། ལི་པི་ཡའི་ཡུན་རིང་གི་ཞི་བདེ་གཏན་འཇགས་ནི་ཆབ་སྲིད་ཇུས་གཞི་ཁོ་ན་ལས་མངོན་དུ་འགྱུར་དགོས་པས། ཕྱོགས་སོ་སོས་འཁྲུག་རྩོད་ཚབས་ཇེ་ཆུང་དུ་གཏོང་རྒྱུ་མ་ཟད་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་པའི་དགོས་མཁོ་ཧ་ཅང་ཆེ་ཞེས་བཤད་ཡོད།

ཏི་ལེ་པོ་་ལེའི་ཤར་ཕྱོགས་ཀྱི་ཡུལ་གྱར་བ་བསྡུ་ཉར་བྱེད་ས་ཞིག་ལ་ཟླ་བདུན་པའི་ཚེས་གསུམ་ཉིན་གྱི་ཞོགས་པར་བར་སྣང་གི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་ང་གསུམ་རྐྱེན་ལམ་དུ་ཤོར་ལ། དེའི་ནང་དུ་བྱིས་པ་དྲུག་འདུ། མི་བརྒྱ་དང་སུམ་ཅུ་ལྷག་ལ་རྨས་ཕོག རྒྱལ་སྤྱིའི་ཡུལ་གྱར་སྡོད་དམངས་རྩ་འཛུགས་ཀྱི་མགྲིན་ཚབ་པ་མུས་ཨར་མན་གྱིས་རི་ནེ་ཝ་ནས་བསྟན་དོན། ཡུལ་གྱར་བ་བསྡུ་ཉར་བྱེད་ས་དེ་ན་བསྡོམས་པས་ཡུལ་གྱུར་བ་དྲུག་བརྒྱ་ལྷག་ཡོད་པ་དང་། ཉུང་མཐར་ཡང་རྒྱལ་ཁབ་བཅུ་བདུན་གྱི་ཡུལ་གྱར་བ་ཡོད། དེའི་ནང་གི་གཙོ་བོ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་ཡུལ་གྱར་བ་ཡིན་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པི་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མི་སཱ་ལ་མུའུ་ཡིས་གསལ་བསྒྲགས་སྤེལ་ནས། མྱུར་དུ་རྒྱལ་སྤྱིའི་རྟོག་ཞིབ་སྤེལ་དགོས་པའི་འབོད་སྐུལ་བཏང་།

ཉིས་སྟོང་བཅུ་གཅིག་ལོར་ཁ་ཀྲ་ཧྥེ་སྲིད་དབང་རྩ་རྫོགས་བྱས་རྗེས། ལི་པི་ཡའི་གནས་བབ་བསྟུད་མར་ཟིང་ཟིང་དུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཏུ། ལི་པི་ཡའི་ཕྱོགས་སོ་སོས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར་ལི་པི་ཡའི་ཆབ་སྲིད་གྲོས་ཆོད་བཀོད་ནས། སིལ་བུར་འཐོར་བའི་གནས་བབ་མཇུག་རྫོགས་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་སྲིད་གཞུང་མཉམ་དུ་འཛུགས་རྒྱུར་འཐད་པ་བྱུང་མོད། ཡིན་ནའང་མིག་སྔའི་བར་ཕྱོགས་སོ་སོས་གྲོས་ཆོད་ཀྱི་གཏན་ཁེལ་ལྟར་དུ་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་དང་ལེན་བྱེད་བཞིན་མེད། མིག་སྔར། ལི་པི་ཡའི་ས་ཁུལ་མང་བོ་ན་གཅིག་གྱུར་གྱི་སྲིད་གཞུང་མེད་པ་དང་སྟོབས་ཤུགས་ཆེན་པོ་གཉིས་ཕན་ཚུན་ཁ་གཏད་དུ་ལངས་ཡོད། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ནུབ་ཕྱོགས་ཀྱི་ས་ཁུལ་ཁ་ཤས་དབང་དུ་བཟུང་ཡོད་ལ། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཤར་་ཕྱོགས་སུ་རང་གི་སྲིད་གཞུང་བཙུགས་ཡོད་པར་མ་ཟད། ཧ་ཧྥུའུ་ཐ་ཨར་གྱིས་མགོ་ཁྲིད་པའི་རྒྱལ་དམངས་དམག་ཅེས་པ་དང་མནའ་འབྲེལ་བསྒྲིགས་ནས། ཤར་ཕྱོགས་དང་དབུས་ཕྱོགས། ལྷོ་ཕྱོགས་གྱི་གྲོང་ཁྱེར་གཙོ་བོ་དང་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཁ་ཤས་བཅས་དབང་དུ་བཟུང་ཡོད།

ད་ལོའི་ཟླ་བཞི་བའི་ཚུན་ལ། རྒྱལ་དམངས་དམག་ཅེས་པས་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་དབང་དུ་བཟུང་བའི་ཏི་ལེ་པོ་ལེ་ལ་དཔུང་འཇུག་བྱས་པར་མ་ཟད། དྲག་ཆས་འཁྲུག་རྩོད་གསར་བ་བསླངས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། འཁྲུག་རྩོད་གསར་བའི་ཁྲོད་ནས་མི་སྟོང་གཅིག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་ལྔ་ལྷག་ལ་རྨས་ཕོག་པར་མ་ཟད། མི་འབུམ་གཅིག་ཙམ་ཁྱིམ་གཞི་ལས་འབྲལ་དགོས་བྱུང་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས་ཁོངས་གཏོགས་རྒྱལ་ཁབ་དག་གིས་ལི་པི་ཡར་མཚོན་ཆ་སྐྱེལ་མི་ཆོག་པའི་སྒྲིག་ལམ་བརྩི་སྲུང་བྱེད་རྒྱུ་དང་། འཁྲུག་རྩོད་ལ་ཐེ་གཏོགས་མི་བྱེད་རྒྱུའམ་ཡང་ན་འཁྲུག་རྩོད་ཚབས་ཇེ་ཆེར་གཏོང་བའི་འགུལ་སྐྱོད་མི་སྤེལ་རྒྱུའི་འབོད་སྐུལ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་རྒྱལ་ཁབ་ཚང་མས་ལི་པི་ཡར་མཚོན་ཆ་མ་སྐྱེལ་བར་འཁྲུག་རྩོད་ཚབས་ཇེ་ཆེར་མི་གཏོང་རྒྱུའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།